ཨུ་རུ་སུར་མི་མང་གི་ངོ་རྒོལ་ཁྲོད་མི་༥༠༠ ལས་མང་བ་བཀག་ཉར།

ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཀྱིས། སྲིད་བློན་སྐུ་ཞབས་ཌེ་མི་ཏེར་མེ་ཌྭེ་ཌེ་ཝེ་ལ་ལྐོག་ཟ་རུལ་སུངས་བྱས་པར་སྐྱོན་བརྗོད་བྱས་ཏེ། མི་མང་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་དགོས་པའི་སྐུལ་མ་བྱས་པ་དང་། མི་མང་སྟོང་ཕྲག་མང་པོ་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པའི་ཁྲོད། མི་མང་༥༠༠ ལས་མང་བ་བཀག་ཉར་བྱས་ཡོད་འདུག

ཟླ་འདིའི་ཚེས་༢༧ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ཨེ་ལེག་སེ་ན་ཝེལ་ནཱི་ཡིས། དེ་སྔོན་ཨུ་རུ་སུའི་སྲིད་བློན་ལ་ས་ཁང་དང་གྲུ་གཟིངས་འབྲིང་བ་སོགས་རྒྱུ་ནོར་ཕོན་ཆེན་ཡོད་པ་དང་། གཞུང་གི་གླ་ཆ་ལ་བརྟེན་ནས་རྒྱུ་ནོར་དེ་དག་ཉོ་ཐབས་མེད་པས། ལྐོག་ཟ་རུལ་སུངས་བྱས་པ་ཡིན་སྐོར་གྱི་གནས་ཚུལ་བཏོན་ཡོད་འདུག དེ་རྗེས་ཁོང་གི་རྒྱལ་ཡོངས་སུ་མི་མང་ལ་སྲིད་བློན་ཁོང་ལས་གནས་ལས་རྩ་དགོངས་ཞུ་དགོས་པའི་ངོ་རྒོལ་ཁྲོམ་སྐོར་བྱེད་དགོས་པའི་སྐུལ་མ་བྱས་པ་དང་བསྟུན། ཟླ་འདིའི་ཚེས་༢༦ ཉིན་ཨུ་རུ་སུའི་ས་གནས་མང་པོ་ཞིག་ཏུ་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱས་འདུག་པས། རྒྱལ་ས་མོ་སི་ཁོར་མི་མང་༥༠༠ བཀག་ཉར་བྱས་ཡོད་སྐོར་ཉེན་རྟོག་པས་བརྗོད་འདུག་ཀྱང་། ཨུ་རུ་སུའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་མི་མང་༡༠༣༠ བཀག་ཉར་བྱས་པ་མ་ཟད། མི་གྲངས་༡༢༠ ཞིག་ད་དུང་གློད་གྲོལ་བཏང་མེད་སྐོར་བརྗོད་ཡོད་པ་དང་། ངོ་རྒོལ་བྱེད་མཁན་ཁྲོད་གཞོན་སྐྱེས་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་འདུག

དེ་བཞིན་ངོ་རྒོལ་སྐད་འབོད་དེའི་སྐབས་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ན་ཝེལ་ནཱི་རྒྱལ་ས་མོ་སི་ཁོ་རུ་མཉམ་ཞུགས་བྱེད་པར་སླེབས་སྐབས། ཉེན་རྟོག་པས་འཇུ་བཟུང་བྱས་འདུག་པ་དང་། ཟླ་འདིའི་ཚེས་༢༧ ཉིན་ཁྲིམས་ཁང་ཞིག་གིས། ཁོང་གིས་ཉེན་རྟོག་པའི་བཀའ་མ་བརྩི་བའི་ཉེས་འཛུགས་འོག ཉིན་༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཡུ་རོབ་མཐུན་ཚོགས་དང་ཨ་རིའི་གཞུང་འབྲེལ་སྐུ་ཚབ་ཀྱིས། ཨུ་རུ་སུའི་རྩ་ཁྲིམས་ལྟར་མི་མང་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། འདུ་འཛོམས་རང་དབང་སོགས་སྤྲོད་དགོས་པ་དང་། འཇུ་བཟུང་བཀག་ཉར་བྱས་པའི་ཞི་བའི་ངོ་རྒོལ་བ་རྣམས་གློད་གྲོལ་གཏོང་དགོས་སྐོར་བརྗོད་ཡོད་འདུག

ཨུ་རུ་སུའི་གཞུང་འབྲེལ་བརྙན་འཕྲིན་ཁང་གིས་ངོ་རྒོལ་དེའི་སྐོར་གསར་འགྱུར་བསྟན་མེད་པ་དང་། གཞུང་འཛིན་ཚོགས་པའི་ཕྱོགས་གཏོགས་ཀྱི་གསར་ཤོག་ཚོས་ཀྱང་དེ་ལྟར་བྱས་ཡོད་འདུག འོན་ཀྱང་གསར་ཤོག་ཁག་ཅིག་ཏུ་གནས་ཚུལ་དེའི་སྐོར་ཚོར་ཤུགས་ཆེན་པོའི་ཐོག་བཀོད་ཡོད་ཁར། གཞུང་ལ་སྐྱོན་བརྗོད་བྱས་ཡོད་འདུག

ཨུ་རུ་སུའི་གཞུང་གི་སྐུ་ཚབ་ཀྱིས་ཕྱོགས་འགལ་ཚོགས་པས་རྒྱལ་ནང་དུ་ཁྲིམས་འགལ་དང་དྲག་སྤྱོད་བརྒྱུད་སྐུལ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་དང་། ངོ་རྒོལ་ནང་དུ་གཞོན་སྐྱེས་མང་པོ་ཞིག་ལ་དངུལ་སྤྲད་ནས་བཏང་སྐོར་བརྗོད་ཡོད་འདུག

བཙོན་འཇུག་ཁྲིམས་ཐག་བཅད་པའི་སྐུ་ཞབས་ན་ཝེལ་ནཱི་ཡིས་ཕྱི་ལོ་༢༠༠༨ ནས་ཨུ་རུ་སུའི་འགོ་ཁྲིད་ཚོས་ལྐོག་ཟ་རུལ་སུངས་ལ་ཁ་གཏད་གཅོག་འགོ་བཙུགས་ཡོད་པ་དང་། མི་མང་ནང་ཁོང་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་འདུག ཁོང་གིས་ཕྱི་ལོ་༢༠༡༨ ལོའི་སྲིད་འཛིན་འོས་མིར་ལངས་རྒྱུ་ཡིན་སྐོར་ཡོངས་བསྒྲགས་བྱས་ཡོད་ཀྱང་། ཁྲིམས་ཁང་ཞིག་གིས་ཁོང་གིས་གཞན་གྱི་རྒྱུ་ནོར་ཧམ་བཟའ་བྱས་པའི་ཁྲིམས་ཐག་བཅད་ཡོད་པས། ཉེས་འཛུགས་དེ་ལ་བརྟེན་ནས་ཁོང་སྲིད་འཛིན་འོས་མིར་ཞུགས་ཆོག་གི་མེད་ནའང་། ཁོང་གིས་ཉེས་འཛུགས་དེར་ངོས་ལེན་བྱས་མེད་པ་རེད། ཨུ་རུ་སུའི་སྲིད་འཛིན་སྐུ་ཞབས་པུ་ཀྲེན་གྱིས་སྲིད་འཛིན་གྱི་ལས་འགན་ཁུར་ནས་ད་བར་ལོ་༡༧ འགྲོ་ཡི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༣༢ ཀློག་གྲངས།