༧གོང་ས་མཆོག་གི་ཨ་རུ་ན་ཅཱལ་ཆིབས་བསྒྱུར་དེ་ངེས་པར་དུ་ཕྱིར་འཐེན་བྱེད་དགོས་ཟེར།

རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཏའི་རྒྱ་ནག་གི་དོན་གཅོད་ཀྱིས། རྒྱ་གར་གྱིས་ངེས་པར་དུ་༧གོང་ས་མཆོག་གི་ཨ་རུ་ན་ཅཱལ་ཆིབས་བསྒྱུར་དེ་ཕྱིར་འཐེན་བྱེད་དགོས་པ་དང་། དེ་ལྟར་མ་བྱས་ཚེ་ཕྱོགས་གཉིས་བར་གྱི་འབྲེལ་ལམ་དང་མཉམ་ལས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༣༡ ཉིན་གྱི་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་ནུབ་བྷེན་གྷལ་མངའ་སྡེའི་གྲོང་ཁྱེར་ཀོལ་ཀ་ཏར་རྟེན་གཞི་བྱས་པའི་རྒྱ་ནག་གི་དོན་གཅོད་ཁང་གིས། རྒྱ་ནག་གི་མཐོ་རིམ་ཚོང་འབྲེལ་སྐུ་ཚབ་རུ་ཁག་ཅིག་དང་ཆབ་སྲིད་འགོ་ཁྲིད་ཅིག་བཅས། མངའ་སྡེ་དེར་ཚོང་འབྲེལ་ལས་དོན་ཆེད་སླེབས་རྒྱུའི་སྐོར་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་འདུག  སྐབས་དེར་ཚོང་འབྲེལ་སྐོར་ལས་༧གོང་ས་མཆོག་གི་ཆིབས་བསྒྱུར་སྐོར་ལ་མང་བ་བཤད་ཡོད་འདུག དོན་གཅོད་མཱ་ཀྲན་ཝུ་ཡིས། “ཏཱ་ལའི་བླ་མའི་བྱ་སྤྱོད་དག་གི་ཐོག་ལ་རྒྱ་གར་གཞུང་གི་ཐག་གཅོད་དེར། རྒྱ་ནག་གིས་དོགས་པ་མ་ཟད་དགག་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་རེད།” ཅེས་བརྗོད་ནས། རྒྱ་ནག་ཕྱི་སྲིད་ལས་ཁང་གིས་རྒྱ་ནག་ཏུ་ཡོད་པའི་རྒྱ་གར་གཞུང་ཚབ་དང་ཐུག་ནས། ༧གོང་ས་མཆོག་གི་ཆིབས་བསྒྱུར་དེ་ཕྱིར་འཐེན་དགོས་པའི་དགོས་འདུན་བཏོན་ཡོད་པ། དེ་བཞིན་རྒྱ་གར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཀྱིས་རྒྱ་གར་ཕྱི་སྲིད་ལས་ཁང་ལ་དེའི་སྐོར་སྙན་སེང་ཞུས་ཡོད་སྐོར་བརྗོད་འདུག

དེ་བཞིན་ཁོས་དགོས་འདུན་དང་སྙན་སེང་དེ་དག་གི་རྗེས། ད་དུང་ཡང་རྒྱ་གར་གྱིས་༧གོང་ས་མཆོག་གི་ཆིབས་བསྒྱུར་དེ་ཕྱིར་འཐེན་མ་བྱས་ཚེ། རྒྱ་ནག་གིས་རྒོལ་ལན་སློག་དགོས་ཁེལ་རྒྱུ་རེད་པས། ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་མཉམ་ལས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་སྐོར་དང་། རྒྱ་གར་གྱིས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པའི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་ཀྱང་། རྒྱུ་མཚན་ག་རེ་ལ་བརྟེན་ནས་ཁ་བྲལ་བའི་འགོ་ཁྲིད་ཅིག་རྩོད་གཞི་ཅན་གྱི་ས་གནས་ལ་འགྲོ་འཇུག་གི་ཡོད་རེད་ཅེས་དྲི་བ་དྲིས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༦༣ ཀློག་གྲངས།