ནང་པའི་བཙུན་མས་དྲག་རྩལ་སྦྱོང་བ།

47640013_nuns_enlarged2དེ་ཡང་ཟླ་འདིའི་ཚེས་༡༧ ཉིན་བལ་ཡུལ་ནས་བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་རྒྱལ་སར་ཡོད་པའི་འབྲུག་པའི་བཙུན་དགོན་ཨ་མྲི་ཏཱ་བྷའི་ནང་། མི་ལོ་༨༠༠ སོང་ཟིན་པའི་འབྲུག་པའི་ནང་ཆོས་ཀྱི་ལྟ་གྲུབ་སྦྱོང་མཁན་བཙུན་མ་ན་གཞོན་དེ་ཚོར། དེང་སྐབས་ཝི་ཊི་ནམ་ནས་ཡོང་བའི་དྲག་རྩལ་པས་སློབ་ཁྲིད་བྱེད་བཞིན་ཡོད་པདང། བཙུན་མ་ཚོས་དྲག་རྩལ་ནི་ལུས་ཀྱི་འཕྲོད་བསྟེན་ལ་ཕན་པ་དང། གོམས་འདྲིས་དཀའ་བའི་སྒོམ་སྒྲུབ་ཉམས་ལེན་ལ་ཕན་ཐོགས་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
བཙུན་དགོན་དེའི་ནང་དྲག་རྩལ་གསར་འཛུགས་གནང་མཁན་རྒྱལ་བ་འབྲུག་པ་རིན་པོ་ཆེ་མཆོག་ཡིན་པ་དང། ཁོང་གི་དགོན་སྡེ་རྣམས་གཙོ་བོར་འབྲུག་ཡུལ་དུ་གནས་ཡོད་ཀྱང། དེང་སྐབས་ཧི་མ་ལ་ཡའི་ས་ཁུལ་ཁག་ལ་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་འདུག ཁོང་གིས་གསར་འགོད་པར། “སྔོན་དུས་ཆོས་ཀྱི་དབུ་འཁྲིད་ཚོས་བུད་མེད་ཀྱི་ཐོབ་ཐང་ཐད་ལ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མེད་པ་དང། ང་ཆུང་དུས་ནས་ང་ཚོའི་སྤྱི་ཚོགས་སུ་བུད་མེད་ལ་གཉའ་གནོན་བྱེད་པ་ལུགས་མཐུན་མིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཆེན་པོ་ཆགས་དུས་བཙུན་དགོན་ཁག་བརྒྱབ་ནས། བཙུན་མ་རྣམས་ལ་སློབ་སྦྱོང་སོགས་ཀྱི་གོ་སྐབས་བསྐྲུན་པ་ཡིན་ལ། ངས་བཙུན་མ་ཚོར་ཝི་ཊི་ནམ་གྱི་བཙུན་མ་དྲག་རྩལ་ཉམས་ལེན་པ་བརྒྱུད་ནས་དྲག་རྩལ་སྦྱོང་དགོས་པའི་སྐུལ་མ་བཏང་པ་ཡིན་”ཞེས་གསུངས་ཡོད་པ་རེད།
ལོ་༣༠ སྔོན་ནས་རབ་བྱུང་གི་སྡོམ་པ་བླངས་པའི་ནུབ་ཕྱོགས་པའི་བཙུན་མ་རྗེ་བཙུན་མ་བསྟན་འཛིན་དཔལ་མོ་ཞེས་པས། སྤྱི་ཚོགས་ཀྱི་ཁྲོད་དུ་བཙུན་མ་ཚོར་རྒྱབ་སྐྱོར་དེ་ཙམ་བྱེད་ཀྱི་མེད་པར་བརྟེན། ཤེས་ཡོན་སོགས་ཚད་ལྡན་ཐོབ་ཀྱི་མེད་པས། ནང་མིའི་གཡོག་པོར་བྱེད་པ་དང་ལྡུམ་ར་སོགས་སུ་ལས་ཀ་བྱས་ནས་སྡོད་མུས་རེད། དེས་ན་སློབ་སྦྱོང་སོགས་ཀྱི་ཆེད་དུ་བཙུན་མ་ཚོར་མཐུན་རྐྱེན་སྦྱར་དགོས་པ་དང། ད་དུང་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་རྗེ་བཙུན་མ་རང་ཉིད་ཀྱི་བཙུན་དགོན་ནང་དུ། དྲག་རྩལ་འདིའི་རིགས་དར་ཁྱབ་གཏོང་གི་ཡིན་ཞེས་བརྗོད་ཡོད་པ་རེད།
རྗེ་བཙུན་མ་དཔལ་མོ་ཞེས་པས། དྲག་རྩལ་སློབ་དགོས་པའི་རྒྱུ་མཚན་བཞི་བགྲངས་ཡོད་པ་སྟེ། ༡། དྲག་རྩལ་ལུས་རྩལ་ལ་མཆོག་ཏུ་གྱུར་པ། ༢། རང་ཁྲིམས་སྲུང་པ་དང་སེམས་རྩེ་གཅིག་ཏུ་གནས་ཐུབ་ལ་ཕན་པ། ༣། བཙུན་མ་རྣམས་གལ་འགངས་ཆེ་བའི་རང་ཉིད་སྲུང་སྐྱོབ་ཀྱི་སྤོབས་པ་རྙེད་པ། ༤། བཙུན་མ་གང་དུ་གནས་པའི་ས་གནས་དེ་གའི་ན་གཞོན་ཚོས། བཙུན་མ་རྣམས་ལ་དྲག་རྩལ་ཡོད་པ་ཤེས་ནས་རྒྱང་རིང་དུ་སྡོད་ཐབས་བྱེད་ཀྱི་རེད་བརྗོད་ཡོད་འདུག །

Share this:
༥༣ ཀློག་གྲངས།