ཨ་ཧྥེ་རི་ཀའི་གནས་སྤོ་བ་མང་པོ་ཞིག་བྲན་གཡོག་ཏུ་བཙོང་ཡོད་པ།

ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་ནས་ཡུ་རོབ་ཏུ་སྐྱབས་བཅོལ་ཏུ་འགྲོ་མཁན་མང་པོ་ཞིག་འཇུ་བཟུང་བྱས་ཏེ། ལི་བྷི་ཡའི་ནང་གི་བྲན་གཡོག་གི་ཁྲོམས་རའི་ནང་དུ་ཉོ་ཚོང་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱལ་སྤྱིའི་གནས་སྤོ་བའི་ཚོགས་པས་གནས་ཚུལ་བརྗོད་པ་ལྟར་ན། ཨ་ཧྥེ་རི་ཀའི་མི་མང་པོ་ཞིག་ཡུ་རོབ་ཏུ་སྐྱབས་བཅོལ་དུ་འགྲོ་བའི་ལམ་བར་དུ། ཁྲིམས་འགལ་ཐོག་མི་སྐྱེལ་འདྲེན་བྱེད་མཁན་དང་། དྲག་སྤྱོད་ཚོགས་པ་སོགས་ཀྱིས་འཇུ་བཟུང་བྱས་ཏེ། ལི་བྷི་ཡའི་བྲན་གཡོག་ཁྲོམས་རར་བཙོང་ཡོད་འདུག དེ་ཡང་གནས་སྤོ་བ་དེ་དག་ལ་ལག་རྩལ་ཡོད་མེད་དང་བསྟུན་ནས་རིན་གོང་ཆེ་ཆུང་རྒྱག་པ་མ་ཟད། གནས་སྤོ་བ་བུད་མེད་མང་པོ་ཞིག་མི་སྒེར་གྱིས་ཉོས་ཏེ་བཙན་དབང་གིས་ཆགས་སྤྱོད་ཀྱི་བྲན་གཡོག་བྱེད་དུ་བཅུག་གི་ཡོད་འདུག

གནས་སྤོ་བ་མང་པོ་ཞིག་བྲན་གཡོག་གི་ཁྲོམ་ར་ནས་ཉོས་ཏེ། གནས་སྐབས་ཀྱི་བཙོན་ཁང་ཞིག་ཏུ་བཅུག་ནས། སོ་སོའི་ནང་མིར་ཁ་པར་གཏོང་བཅུག་སྟེ། བཙོན་གྲོལ་གཏོང་ཆེད་དངུལ་སྐུར་དགོས་སྐོར་བརྗོད་ཀྱི་ཡོད་འདུག དངུལ་སྤྲོད་མི་ཐུབ་མཁན་གྱི་མི་མང་པོ་ཞིག་ལྟོགས་ཤི་ཐེབས་འཇུག་གི་ཡོད་པ་དང་ཁག་ཅིག་གསོད་ཀྱི་ཡོད་འདུག

རྒྱལ་སྤྱིའི་གནས་སྤོ་བའི་ལས་བྱེད་ཅིག་གིས་གནས་ཚུལ་དེ་དངོས་ཡོད་ཡིན་པ་ར་སྤྲོད་བྱས་ནས། བྲོས་བྱོལ་ཐུབ་པའི་གནས་སྤོ་བ་ཚང་མས། ལི་བྷི་ཡར་གནས་སྤོ་བ་རྣམས་འཇུ་བཟུང་བྱས་ཏེ། བྲན་གཡོག་གི་ཁྲོམ་རར་བཙོང་བའི་ཉེན་ཁ་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱས་སྐོར་བརྗོད་ཡོད་འདུག

ཟླ་༢ པའི་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གིས། ཕྱི་ལོ་༢༠༡༦ ལོར་བྱིས་པ་༢༦༠༠༠ ཙམ་མཚོ་བརྒྱུད་ནས་ཡུ་རོབ་ཨི་ཊ་ལིར་འགྲིམ་འགྲུལ་བྱས་ཡོད་པ་དང་། མང་པོ་ཞིག་ཁེར་རྐྱང་ཡིན་པས་ལི་བྷི་ཡར་བྲན་གཡོག་དང་། བཙན་གཡེམ་སོགས་ཀྱི་མནར་གཅོད་མྱངས་ཡོད་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༤༦ ཀློག་གྲངས།