དྷ་སར་གནམ་ཐག་བགྲོད་ལམ་འཛུགས་སྐྲུན་འགོ་འཛུགས།

རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་ཀང་ར་རྫོང་གི་ས་གནས། དྷ་ཤོད་ནས་མེག་གྷན་བར་དུ་གནམ་ཐག་བཟོ་འཆར་ཡོད་སྐོར་ཕྱི་ལོ་༢༠༡༦ ལོའི་ཟླ་༡ པོའི་ཚེས་༡༧ ཉིན་གསལ་བསྒྲགས་བྱས་ཡོད་པ་དང་། ལས་འཆར་དེ་དངོས་སུ་བདུན་ཕྲག་གཅིག་ནང་འགོ་འཛུགས་བྱ་འཆར་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དྷ་རམ་ས་ལའི་གནམ་ཐག་འཛུགས་སྐུན་ཁང་གི་འགན་འཛིན་ཤར་མས། ཁོང་ཚོར་རྒྱ་གར་དབུས་གཞུང་ནས་ལས་འཆར་དེ་འཛུགས་སྐྲུན་བྱེད་པར་ས་ཆའི་ཆོག་མཆན་ཐོབ་ཟིན་ཡོད་པ་དང་། འཛུགས་སྐྲུན་དངོས་སུ་བདུན་ཕྲག་གཅིག་ནང་འགོ་འཛུགས་བྱེད་ཐུབ་པའི་རེ་བ་ཡོད་པ་མ་ཟད། ལོ་གཅིག་ནང་ལས་འཆར་དེ་མཇུག་བསྒྲིལ་ནས་བཀོལ་སྤྱོད་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

གནམ་ཐག་བགྲོད་ལམ་དེ་དྷ་ཤོད་ཀྱི་རླངས་འཁོར་འབབ་ཚུགས་ནས་མེག་གྷན་བར་མཐུད་རྒྱུ་ཡིན་འདུག་པ་དང་། རྒྱང་ཐག་སྤྱི་ལེ་༡.༨ ཡོད་པ་དང་ཐག་ལམ་སྡོད་འཁོར་༣༢ བཟོ་འཆར་ཡོད་འདུག ལས་འཆར་དེར་ཧིན་སྒོར་ས་ཡ་༡༤༥༠ འགྲོ་སོང་གཏོང་འཆར་ཡོད་པ་དང་། གནམ་ཐག་བགྲོད་ལམ་དེས་དྷ་ཤོད་ནས་མེག་གྷན་བར་སྐར་མ་༨ ནང་བསྐྱལ་ཐུབ་ཀྱི་ཡོད་པ་རེད་འདུག

དྷ་སར་ཡུལ་སྐོར་སྤྲོ་འཆམ་མང་དུ་སླེབས་དུས། རླངས་འཁོར་མང་དྲགས་པའི་རྐྱེན་གྱིས་འགྲིམ་འགྲུལ་འཚང་འགག་ལ་བརྟེན་ནས། སྐབས་རེ་དྷ་ཤོད་ནས་མེག་གྷན་བར་ཆུ་ཚོད་གཅིག་གཉིས་འགོར་གྱི་ཡོད་པས། གནམ་ཐག་བགྲོད་ལམ་དེས་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་ནའང་། ད་ལྟའི་ཆར་ཆ་རྐྱེན་དེ་བེད་སྤྱད་པར་འགྲུལ་མི་ཚོས་འགྲུལ་གླ་ག་ཚོད་སྤྲོད་དགོས་ཀྱི་ཡོད་མེད་སྐོར་གནས་ཚུལ་གང་ཡང་ཐོན་མེད་པ་རེད།

ཕྱི་ལོ་༢༠༡༦ ལོའི་ཟླ་༥ པའི་ཚེས་༢༤ ཉིན་རྒྱ་གར་དབུས་གཞུང་གིས་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་བསྐྲུན་གྱི་རིམ་པ་གཉིས་པའི་ནང་འདེམས་ཐོན་བྱུང་བའི་གྲོང་ཁྱེར་༡༣ གྱི་མིང་ཐོ་བཏོན་པའི་ནང་དྷ་ས་ཚུད་ཡོད་པ་རེད། དེ་དང་འབྲེལ་ནས་ལོ་ལྔའི་རིང་རྒྱ་གར་དབུས་གཞུང་གིས་དྷ་ས་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་ཆེད་ཧིན་སྒོར་ཐེར་འབུམ་༢ རེ་སྤྲོད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༥༥ ཀློག་གྲངས།