གོད་ཆག་འོག་གི་ཆིག་སྒྲིལ།

རྒྱ་ནག་གཞུང་གིས་ཀྱང་དཔལ་འབྱོར་གྱི་རོགས་རམ་དང་མྱུར་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ཀྱང་དྲིལ་བསྒྲགས་བྱས་པ་བཞིན་ས་གནས་ཀྱི་དཀའ་ངལ་སེལ་ཐུབ་མེད་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད་འདུག དཔེར་ན་ས་ཡོམ་བརྒྱབ་ནས་ཉིན་བཞིའི་རྗེས་མ་གཏོགས་ས་དེའི་མི་མང་གིས་བཟའ་བཏུང་ཚ་པོ་ཞིག་ཀྱང་རག་ཐུབ་མེད་པ་གསར་འགོད་པ་ཞིག་གི་སྐད་ཆའི་ཟུར་ནས་ཐོན་ཡོད་པ་དང། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གྲྭ་བཙུན་དང་དགོན་སྡེ་ཁག་གིས་རོགས་སྐྱོར་བྱེད་བཞིན་པའི་གནས་ཚུལ་ཧ་ཅང་དཀོན་ནའང། དཀའ་ལས་ཁག་ཤོས་ཀྱི་ལས་ཀ་མང་པོ་ཞིག་དགེ་འདུན་པ་རྣམས་ཀྱིས་བྱེད་བཞིན་པ་དངོས་ཡོད་གནས་ཚུལ་དུ་གྱུར་འདུག དཔེར་ན་གསེར་རྟ་བླ་རུང་ཆོས་སྒར་གྱི་དགེ་འདུན་པ་༡༢༠༠ ས་གནས་སུ་ཕེབས་ནས་མྱུར་སྐྱོབས་ཀྱི་ལས་དོན་སྒྲུབ་བཞིན་པ་མ་ཟད། ཟས་གོས་སོགས་རླངས་འཁོར་ཆེ་བ་གྲངས་༣༠ ལྷག་དང། རྒྱ་སྒོར་ཁྲི་༣༠༠ གནོན་ཐེབས་མི་མང་ལ་ཕུལ་ཡོད་པ་རེད། དེ་བཞིན་རྫ་སེར་ཤུལ་དགོན་པ་དང། རྫོགས་ཆེན་དགོན། སྡེ་དགེ་དགོན་ཆེན། དཔལ་སྤུངས་དགོན། ཡ་ཆེན་ཆོས་སྒར་སོགས་ཁམས་ཕྱོགས་ཀྱི་དགོན་སྡེ་མང་པོ་དང། མགོ་ལོག་རྭ་རྒྱ་དགོན་པ་དང། སྐུ་འབུམ་དགོན། དྷིས་ཚ་དགོན། རོང་པོ་དགོན་ཆེན། འབའ་ཤིང་ཁྲི་དགོན་སོགས་མདོ་སྨད་ཕྱོགས་ཀྱི་དགོན་སྡེ་ཁག་གི་རོགས་སྐྱོར་མི་སྣ་བཅས་དགོན་སྡེ་ཧ་ཅང་མང་པོ་ཞིག་གི་ཆོས་དང་ཟང་ཟིང་གི་རོགས་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་རེད། དེ་བཞིན་བོད་ནང་གི་ཚོང་པ་དང་འབྱོར་ལྡན་མི་མང་དཀྱུས་མ་བཅས་ཀྱིས་རང་རང་གི་འཁོས་འབྱོར་ལ་དཔག་པའི་བློས་བཅད་ཀྱི་ཞལ་འདེབས་འབུལ་བཞིན་ཡོད་པ་དང། བཙན་བྱོལ་ཁྲོད་དུའང་ཞལ་འདེབས་དང་བསྔོ་སྨོན་མཆོད་འབུལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། སྐྱེ་རྒུ་མདོར་ས་ཡོམ་གྱི་རྐྱེན་གྱིས་མི་རྒྱུ་གཉིས་ལ་བསམ་ཡུལ་ལས་འདས་པའི་གོད་ཆག་བྱུང་ཡང། གོ་སྐབས་འདི་དང་བསྟུན་ནས་ཤེས་རྟོགས་བྱུང་བ་ནི་གཞིས་བྱེས་བོད་མི་ཡོངས་རྫོགས་འགགས་ལ་ཐུག་དུས་རང་བཞིན་གྱིས་རྡོག་རྩ་གཅིག་སྒྲིལ་དང་སྐྱིད་སྡུག་མཉམ་མྱོང་བྱེད་བཞིན་པའི་གནས་ཚུལ་ནི་དགའ་འོས་པ་ཞིག་ཏུ་གྱུར་ཡོད།
ད་ལྟའི་དོན་རྐྱེན་འདི་ལ་རོགས་སྐྱོར་བྱེད་མཁན་བོད་རིགས་གཅིག་པུ་ཙམ་མ་ཡིན་པར་རྒྱ་ནག་གི་ཚོང་པ་དང་བཟོ་གྲྭ་ཆེ་ཁག་གང་མང་ཞིག་གིས་ཞལ་འདེབས་ཤུགས་ཆེ་སྤྲད་ཡོད་པ་དང། རྒྱ་ནག་གཞུང་གིས་ཀྱང་རོགས་རམ་མང་པོ་གནང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ནས་རོགས་སྐྱོར་བྱ་རྒྱུའི་གྲ་སྒྲིག་ཡོད་ཚུལ་བརྗོད་ཡོད་ཀྱང། ད་བར་རྒྱ་གཞུང་གིས་དང་ལེན་བྱས་མེད་པ་དང། རོགས་རམ་གནང་ཟིན་པ་དེ་དག་ས་གནས་ཀྱི་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་ཆ་ཚང་འཕྲོད་ཐུབ་མིན་གྱི་སྐོར་དོགས་གནས་སུ་གྱུར་ཡོད་པ་རེད། ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་དཔོན་ངན་གང་མང་ཞིག་གིས་སྦྲང་བུ་ཤ་ལ་འཁོར་བ་བཞིན་རོགས་དངུལ་དེ་དག་ལྐོག་ཟ་བྱེད་སྟངས་ཀྱི་ཐོག་ལ་བསམ་བློ་གཏོང་བཞིན་ཡོད་ངེས་པ་དང། དཔེར་ན་༢༠༠༨ ལོར་ཁྲི་ཚང་ལ་ས་ཡོམ་གནོད་སྐྱོན་སྐབས་ཀྱང་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་འཕྲད་ནས་དཔོན་རིགས་ཤིག་ཕྱིར་འཕུད་བྱེད་དགོས་བྱུང་ཡོད་པ་རེད། ད་ལྟའང་གནད་དོན་འདིའི་ཐོག་ལ་སེམས་ཁྲལ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། དེ་བཞིན་ས་ཡོམ་འབྱུང་རྐྱེན་གྱི་སྐོར་ས་གནས་དེར་གཏེར་ཁ་སྔོག་འདོན་ཤུགས་ཆེ་བྱས་པ་ལ་བརྟེན་ནས་ཡིན་ཚུལ་བརྗོད་བཞིན་ཡོད་པ་དང། ལྷག་པར་དུ་ཕྱི་ཚེས་༡༣ ཉིན་སྐྱེ་རྒུ་མདོ་དང་ཐག་མི་རིང་བའི་རྒྱམ་རྡོ་ཏི་གངས་དཀར་ཞེས་པའི་གནས་དེར་གཏེར་ཁ་སྔོག་འདོན་བྱེད་རྒྱུ་འགོ་འཛུགས་བྱས་པ་ལས་བྱུང་བ་ཞིག་ཡིན་ཚུལ་བརྗོད་མཁན་ཡོད་པ་དང། ཐེ་ཝན་གྱི་བརྙན་འཕྲིན་ཁག་ཅིག་ཏུ་སྐྱེ་རྒུ་མདོའི་ཉེ་འགྲམ་དུ་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་བཞིན་པས་ཡིན་པ་དང། སི་ཁྲོན་ཁྲི་ཚང་དུ་ཡང་རྡུལ་ཕྲན་མཚོན་ཆའི་སྐོར་ཉམས་ཞིབ་བྱེད་ཡུལ་ཞིག་ཡོད་པ་བཅས་ཀྱིས་རྒྱུ་རྐྱེན་ལ་བརྟེན་ནས་ས་ཡོམ་བརྒྱབ་པ་ཡིན་ཚུལ་བསྒྲགས་འདུག གང་ལྟར་ས་ཡོམ་ཆེད་མཁས་མི་སྣ་ཞིག་གིས་སྐྱེ་རྒུ་མདོར་དུས་ཚེས་འདིར་ས་ཡོམ་ཡོང་རྒྱུ་ཡིན་ཚུལ་དབུས་གཞུང་དང་འབྲེལ་ཡོད་ལས་ཁུངས་ལ་སྙན་སེང་ཞུས་ཀྱང་སྣང་མེད་ཀྱིས་མི་མང་ལ་ཁྱབ་བསྒྲགས་མ་བྱས་པས་གོད་ཆག་དེ་ལྟར་བྱུང་བ་ནི་དངོས་ཡོད་གནས་ཚུལ་དུ་གྱུར་འདུག།

Share this:
༦༨ ཀློག་གྲངས།