དབྱིན་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དང་བསམ་ཤོག་བསྡུ་ལེན།

དབྱིན་ཡུལ་ནང་ཟླ་༦ པའི་ཚེས་༨ ཉིན་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱ་རྒྱུ་ཡིན་པ་དང་། བསམ་ཤོག་བསྡུ་ལེན་གྱི་གྲུབ་དོན་ལ་གཞིགས་ན་རྙིང་ཞེན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་སྲིད་པའི་བསམ་ཚུལ་ཐོན་གྱི་ཡོད་འདུག་ཀྱང་། དབྱིན་ཡུལ་ནང་བསམ་ཤོག་བསྡུ་ལེན་གྱི་གྲུབ་དོན་དང་འོས་བསྡུའི་གྲུབ་འབྲས་གཅིག་མཚུངས་མི་ཡོང་བའི་ཉེན་ཁ་དང་ལོ་རྒྱུས་ཀྱང་ཡོད་པ་རེད་འདུག

དེ་ཡང་ཟླ་འདིའི་ཚེས་༢༥ ཉིན་དབྱིན་ཡུལ་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དང་འབྲེལ་བའི་བསམ་ཤོག་བསྡུ་ལེན་གྱི་གྲུབ་དོན་དུ། ལྕམ་མཱེ་ཡི་རྙིང་ཞེན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་སྲིད་པའི་བསམ་ཚུལ་ཐོན་བཞིན་ཡོད་ཀྱང་།  ཚོགས་པ་དེའི་འོས་བསྡུའི་བྱུས་འགོད་པ་དག་གིས། བསམ་ཤོག་གྲུབ་དོན་དེ་ལ་བརྟེན་ནས་མི་མང་ཁག་ཅིག་གིས་ཚོགས་པ་དེར་རྒྱལ་ཁ་ཆེན་པོ་ཐོབ་རྒྱུ་གཏན་འཁེལ་ཟིན་པ་བསམ་ནས་འོས་མི་འཕེན་པ་བྱེད་སྲིད་སྐོར་དང་། མིང་མང་ཁག་ཅིག་གིས་ཚོགས་པ་དེར་རྒྱལ་ཁ་ཆེན་པོ་མི་ཐོབ་ཆེད་ཚོགས་པ་གཞན་ལ་རྒྱབ་སྐྱོར་བྱེད་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

དེ་བཞིན་རྙིང་ཞེན་ཚོགས་པའི་འགོ་ཁྲིད་དང་སྲིད་བློན་ལྕལ་ཐེ་རི་ས་མཱེ་ཡིས་འོས་བསྡུའི་ཁྱབ་བསྒྲགས་ཤིག་ལ། ཕྱི་ལོ་༢༠༡༥ ལོའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་ཀྱི་གྲུབ་འབྲས་དེ་བསམ་ཤོག་བསྡུ་ལེན་གྱི་གྲུབ་དོན་དང་གཅིག་མཚུངས་བྱུང་མེད་པ་མ་ཟད། ཕྱི་ལོ་༢༠༡༦ ལོར་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་དགོས་མིན་གྱི་མང་མོས་འོས་བསྡུའི་གྲུབ་འབྲས་དེ་ཡང་བསམ་ཤོག་བསྡུ་ལེན་གྱི་གྲུབ་དོན་དང་གཅིག་མཚུངས་བྱུང་མེད་སྐོར་བརྗོད་ཡོད་འདུག དེ་ཡང་རྙིང་ཞེན་ཚོགས་པས་བསམ་ཤོག་བསྡུ་ལེན་གྱི་གྲུབ་དོན་དེས། མི་མང་གི་འདམ་ག་ལ་ཤུགས་རྐྱེན་ཆེན་པོ་སྤྲད་པའི་ཉེན་ཁར་སེམས་འཚབ་བྱེད་ཀྱི་ཡོད་འདུག

དེ་ཡང་ཟླ་༤ པའི་ཚེས་༡༨ ཉིན་སྲིད་བློན་མཱེ་ཡིས་དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་། ཁོང་མོར་རྒྱབ་སྐྱོར་མང་མོས་ཐོབ་པ་བྱུང་ན། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་གྱི་བརྒྱུད་རིམ་དང་གྲོས་མོལ་ལ་གྲུབ་འབྲས་ཐོན་རྒྱུ་ལས་སླ་བ་ཆགས་རྒྱུ་ཡིན་སྐོར་བརྗོད་ནས། དབྱིན་ཡུལ་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སྔ་སྣུར་བྱ་རྒྱུའི་འདོད་མོས་ཡོད་སྐོར་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཟླ་༤ པའི་ཚེས་༡༩ ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་ལྕམ་མཱེ་ཡི་གྲོས་འདོན་དེར་འོས་བསྡུ་བྱས་ཏེ། འཐུས་མི་༥༢༢ ཡིས་རྒྱབ་སྐྱོར་དང་༡༣ གྱིས་དགག་པ་བྱས་པས། དགོས་མཁོའི་མང་མོས་ཀྱི་གསུམ་ཆ་གཉིས་ལས་མང་བ་ཐོབ་སྟེ། ཕྱི་ལོ་༢༠༢༠ ལོར་བྱ་རྒྱུ་ཡིན་པའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དེ་སྔ་སྣུར་བཏང་ནས། ཕྱི་ལོ་༢༠༡༧ ལོའི་ཟླ་༦ པའི་༨ ཉིན་འོས་བསྡུ་བྱ་རྒྱུ་གཏན་འབེབས་བྱས་ཡོད་པ་རེད།

བསམ་ཤོག་བསྡུ་ལེན་ཁྲོད་ལྕམ་མཱེ་ཡི་རྙིང་ཞེན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་རྒྱུ་ཡིན་པའི་གྲུབ་དོན་ཐོན་བཞིན་ཡོད་འདུག་པས། གལ་ཏེ་དེ་ལྟར་བྱུང་ཚེ་ཁོང་མོ་སྲིད་བློན་བྱས་ཏེ་ཕྱི་ལོ་༢༠༢༢ བར་གཞུང་འཛིན་བྱ་རྒྱུ་ཡོད་པས། ལོ་ལྔའི་ནང་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་བརྒྱུད་རིམ་དང་གྲོས་མོལ་སོགས་ཆ་ཚང་བ་སྒྲུབ་ཐུབ་རྒྱུའི་རེ་བ་ཡོད་འདུག

ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་ཚེས་༢༥ ཉིན་དབྱིན་ཡུལ་དུ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་མུ་མཐུད་བྱེད་དགོས་མིན་ཐོག མི་མང་གིས་འོས་བླུགས་ནས་བརྒྱ་ཆ་༤༨ དང་༥༢ བྱས་ནས་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱེད་དགོས་པའི་མང་མོས་འོས་ཐོབ་ཡོད་པ་རེད། སྐབས་དེའི་སྲིད་བློན་སྐུ་ཞབས་ཁེ་མུ་རོན་གྱིས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་མེད་པས། ཕྱིར་འཐེན་གྱི་བརྒྱུད་རིམ་དེ་སྲིད་བློན་གསར་པ་ཞིག་གིས་འགན་ཁུར་དགོས་སྐོར་བརྗོད་ནས་ལས་གནས་ལས་དགོངས་པ་ཞུས་པ་རེད། དེ་རྗེས་ཟླ་༧ པའི་ཚེས་༡༣ ཉིན་རྙིང་ཞེན་ཚོགས་པས་ལྕམ་ཐེ་རི་ས་མཱེ་སྲིད་བློན་ལ་བསྐོ་གཞག་བྱས་པས། དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་གྱི་ལས་འགན་དེ་ཁོང་མོའི་ཕྲག་ལ་བབས་པ་རེད།

ཕྱི་ལོ་༢༠༡༧ ལོའི་ཟླ་༣ པའི་༢༩ ཉིན་དབྱིན་ཡུལ་རྒྱལ་ཁབ་དེ་ཉིད་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འཐེན་ཆེད། ཡུ་རོབ་ཕོར་ཇུ་གྷལ་གྱི་གྲོང་ཁྱེར་ལེ་སི་པོན་དུ་བཞག་པའི་གྲོས་དོན་གྱི་ཡིག་ཆ་ཨང་༥༠ ལྟར། ཕྱིར་འཐེན་གྱི་སྙན་ཞུའི་སྟེང་སྲིད་བློན་ལྕམ་ཐེ་རི་ས་མཱེ་ཡིས་མིང་རྟགས་བཀོད་ཡོད་པ་དང་། དེས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་རྒྱུད་རིམ་དངོས་སུ་འགོ་འཛུགས་བྱེད་ཐུབ་ཀྱི་ཡོད་འདུག སྙན་ཞུ་དེ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཌོ་ནལ་ཀྲག་སེ་ལ་དབྱིན་ཡུལ་གྱི་སྐུ་ཚབ་ཀྱིས་སྐྱེལ་ཡོད་པ་རེད།

དབྱིན་ཡུལ་མི་མང་གི་འོས་བསྡུའི་གྲུབ་དོན་གྱི་རྗེས་སུ། ཨ་རི་དང་ཡུ་རོབ་ནང་དུ་རྒྱལ་ཞེན་རིང་ལུགས་དང་མི་རིགས་རིང་ལུགས་ཀྱི་བསམ་ཚུལ་ཤུགས་ཆེ་རུ་ཕྱིན་ཡོད་ཁར། གོ་ལ་གཅིག་གྱུར་གྱི་འདུ་ཤེས་ཉམས་བཞིན་ཡོད་པ་རེད་དེ། ཕྱི་ལོ་༢༠༡༧ ལོའི་ཟླ་༣ པའི་ཚེས་༡༥ ཉིན་ཡུ་རོབ་ཧོ་ལེན་ཌེའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་གྲུབ་འབྲས་སུ། མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་ཡོད་མཁན་གྱི་རང་དབང་ཚོགས་པར་ཕམ་ཉེས་བྱུང་ཡོད་པས། དེ་ནི་གོ་ལ་གཅིག་གྱུར་གྱི་འདུ་ཤེས་ལ་རྒྱལ་ཁ་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། དེ་བཞིན་ཟླ་༥ པའི་ཚེས་༧ ཉིན་ཡུ་རོབ་ཧྥ་རན་སིའི་སྲིད་འཛིན་འོས་བསྡུར་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་དང་ཡུ་རོབ་མཐུན་ཚོགས་ལ་དགག་པ་བྱེད་མཁན་འོས་མི་ལྕམ་མེ་རན་ལི་པེན་དང་། བར་གནས་ཀྱི་ལྟ་བ་འཛིན་མཁན་སྐུ་ཞབས་ཨིམ་མུལ་མེ་ཁོན་གཉིས་བར་འགྲན་བསྡུར་བྱ་རྒྱུ་ཡིན་པས། འོས་བསྡུའི་གྲུབ་འབྲས་དེས་ཡུ་རོབ་དང་འཛམ་གླིང་ནང་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་རྒྱུ་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༧༠ ཀློག་གྲངས།