རྒྱལ་ཞེན་པར་ཉམས་ཉེས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༤༧  ཕྱི་ལོ་ ༢༠༡༧/༥  /༡༧

ལོ་སྔོན་མ་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སྲིད་འཛིན་འོས་མི་ཌོ་ནལ་ཊོམ་གྱིས་མཁྲེགས་འཛིན་དང་རྒྱལ་ཞེན་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་འོས་འགྲན་བྱས་ཡོད་པ་དང་། མང་གཙོའི་ལེགས་བྱང་ཡག་ཤོས་སུ་བརྩི་བའི་ཨ་རིའི་མི་མང་གི་ངོས་ནས་ཀྱང་རྒྱལ་ཞེན་བྱ་རྒྱུ་དེ་གལ་ཆེར་བརྩིས་ནས་ཁོང་ལ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་རེད། ཁོང་གི་དམ་འབུལ་སྐབས་ནས་བཟུང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཡང་བར་མ་ཆད་དུ་བྱུང་ཡོད་པ་དང་། འོས་བསྡུའི་དྲིལ་བསྒྲགས་སྐབས་ཁས་ལེན་བྱས་པའི་དོན་གནད་མང་པོ་ཞིག་ཀྱང་ལག་བསྟར་བྱ་རྒྱུར་ཕྱོགས་ཡོངས་ནས་དཀའ་ངལ་འཕྲད་བཞིན་ཡོད། ཡུ་རོབ་ཀྱི་རྒྱལ་ཁབ་ནེ་ཐེར་ལན་ཌའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུའི་འགྲན་རྩོད་ནང་རྒྱལ་ཞེན་པར་ཕམ་ཉེས་བྱུང་ཡོད་པ་དང་། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནང་ཌོ་ནལ་ཊོམ་ལ་མིག་དཔེ་བལྟ་མཁན་ལའང་ཕམ་ཉེས་ཆེན་པོ་བྱུང་ཞིང་། ལྷོ་ཀོ་རི་ཡར་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།

མིག་སྔར་བྱུང་བའི་གནད་དོན་འདི་དག་གི་ཐོག་ནས་བལྟས་ན་རྒྱལ་ཞེན་རིང་ལུགས་བསྐྱར་དར་གྱི་དུས་ཚོད་ཅིག་ཏུ་ད་དུང་སླེབས་མེད་པ་ལྟ་བུར་གྱུར་ཡོད་པ་དང་། མུ་མཐུད་འཛམ་གླིང་མི་མང་གི་བསམ་བློའི་ཁ་ཕྱོགས་གོ་ལ་ཅན་དུ་བསྐྱོད་ཐུབ་དགོས་པ་གལ་ཆེན་པོར་བརྩི་བཞིན་ཡོད་པ་ལྟ་བུར་མངོན། སྤྱིར་ད་ལྟའི་དུས་འདིར་འཛམ་གླིང་གི་ཁྱོན་དུ་ཨ་རིའི་སྲིད་འཛིན་དང་། རྒྱ་ནག་གི་སྲིད་འཛིན། ཨུ་རུ་སུའི་སྲིད་འཛིན་ལྟ་བུ་རྒྱལ་ཞེན་ཁོ་ན་རྩལ་འདོན་བྱེད་པའི་མི་སྣ་འབའ་ཞིག་སླེབས་སོང་ན། མ་འོངས་པར་གོ་ལ་ཧྲིལ་པོ་འདིའི་བདེ་སྡུག་ཟུར་དུ་བཞག་ཅིང་རང་ཉིད་ཀྱི་རྒྱལ་ཁབ་ཆེད། སླར་ཡང་དམག་འཁྲུག་ཁོ་ནའི་ཐོག་ནས་རྒྱལ་ཕམ་རྩོད་པ་ལས་ཐབས་ཤེས་གཞན་མེད་པ་ལྟ་བུ་ཞིག་ཏུ་འགྱུར་ཉེན་ཡོད། འོན་ཀྱང་རང་བཙན་ཡོད་ཅིང་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་ཀྱི་ཆབ་འབངས་དག་ལ་མི་རིགས་དང་རྒྱལ་ཞེན་གྱི་བསམ་བློ་འདི་སྤང་བྱ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ལས། བོད་པ་ལྟ་བུ་ལ་མཚོན་ན་རྒྱལ་ཞེན་དང་མི་རིགས་ཀྱི་བསམ་བློ་དེ་ངེས་པར་དུ་ཡོད་དགོས།

མི་རིགས་ཉམ་ཆུང་ཞིག་གིས་རྒྱལ་ཞེན་དང་མི་རིགས་རིང་ལུགས་ཀྱི་བསམ་བློ་དེ་འཛིན་ཐུབ་ན་དེའི་རྒྱབ་ལྗོངས་སུ་རང་མི་རིགས་དང་། རང་གི་རིག་གཞུང་འདི་ཉིད་འཆི་ས་ནས་གསོན་ཐུབ་ཆེད་འབའ་ཞིག་ཡིན་ཞིང་། རྒྱ་ནག་དང་། ཨ་རི་ལྟ་བུའི་ཆབ་འབངས་ཀྱིས་རྒྱལ་ཞེན་དང་མི་རིགས་རིང་ལུགས་ཀྱི་བསམ་བློ་འཛིན་བཞིན་ཡོད་ན་དེའི་རྒྱབ་ལྗོངས་སུ་གཞན་དབང་བསྒྱུར་བྱེད་པ་དང་། རང་ཉིད་རྒྱ་བསྐྱེད་བྱས་ནས་མི་རིགས་གཞན་ཞིག་དང་། རིག་གཞུང་གཞན་ཞིག་རྩ་མེད་གཏོང་རྒྱུ་ལས་བསམ་བློ་མེད་སྟབས་དགོས་མཁོ་དང་རྒྱབ་ལྗོངས་ཐོག་ནས་རྒྱལ་ཞེན་དང་མི་རིགས་ཀྱི་བསམ་བློ་འཛིན་མཁན་ཚང་མ་གཅིག་གྱུར་མིན། བོད་པ་ལྟ་བུའི་མི་རིགས་ཉམ་ཆུང་ཞིག་ལ་མཚོན་ན་རྒྱལ་ཞེན་གྱི་བསམ་བློ་ངེས་པར་དུ་ཡོད་དགོས་ཤིང་། གལ་སྲིད་ནུས་པ་མེད་བཞིན་དུ་བོད་པ་ཚང་མ་འཇིག་རྟེན་སྤྱིའི་བདེ་སྡུག་གླེང་མཁན་ཆགས་སོང་ན། རང་ཉིད་ཀྱི་གནས་བབས་དང་གཏན་ནས་མི་འཚམ་པའི་བསམ་བློ་ཞིག་ཏུ་གྱུར་ཡོད་པས། རིང་པོར་མི་ཐོགས་པར་འཆི་ལམ་དུ་འགྲོ་རྒྱུར་ངེས།

འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་ཆེན་པོ་ཡོད་པ་བཞིན། མི་རིགས་རིང་ལུགས་དང་རྒྱལ་ཞེན་རིང་ལུགས་འདི་ཉིད་ཀྱང་ཕྱོགས་ཡོངས་ནས་དོར་བྱ་ཁོ་ན་ཞིག་ཏུ་ངོས་འཛིན་བྱེད་མི་རུང་ཡང་། འཛམ་གླིང་སྤྱི་ཡོངས་དང་ལྷག་པར་དུ་སྟོབས་ཆེན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། དབུ་ཁྲིད་ཆབ་འབངས་དང་བཅས་པ་རྒྱལ་ཞེན་དང་མི་རིགས་རིང་ལུགས་ཀྱི་བསམ་བློའི་ཕྱོགས་སུ་བསྐྱོད་ཐལ་ཆེ་དྲགས་ན་འཛམ་གླིང་ཁྱོན་ཡོངས་ཀྱི་སྣོད་བཅུད་ལ་ཕམ་ཉེས་ཆེན་པོ་ཞིག་ཏུ་འགྱུར་ངེས་པ་ནི་སྨྲོས་མ་དགོས་པ་རེད། ད་ལྟའི་ཆར་མུ་མཐུད་རྒྱལ་ཞེན་དང་མི་རིགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་སྤེལ་མཁན་སྡུག་ཤོས་དེ་རྒྱ་ནག་ཡིན་པ་དང་། རྒྱ་ནག་ཏུ་མི་རིགས་ཆེན་པོའི་རིང་ལུགས་དང་། རིག་གནས་བཙན་རྒྱལ་རིང་ལུགས་ཀྱི་ལྟ་གྲུབ་ཕྱོགས་ཡོངས་ནས་མི་ཉམས་རྒྱུན་འཛིན་བྱེད་བཞིན་ཡོད་པས། བོད་དང་། ཤར་ཏུར་ཀི་སི་ཐན་སོགས་ལ་མནར་གཅོད་དང་རྡུང་རྡེག་ཚད་ལས་བརྒལ་བ་གཏོང་བཞིན་པ་དེ་ལ་བསམ་ཤེས་གཏན་ནས་མེད་པའང་སློབ་གསོ་འདིའི་རྒྱབ་ལྗོངས་ཐོག་ནས་སླེབས་ཡོད།

ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་ཀྱང་འདི་ལྟ་བུའི་ལམ་དུ་བསྐྱོད་མི་འོས་ལ། ལོ་འདིར་ཡུ་རོབ་ནས་ཀྱང་ཊོམ་གྱི་ལངས་ཕྱོགས་ལ་དང་འདོད་དང་མིག་དཔེ་བལྟ་མཁན་ཁག་ཅིག་བྱུང་ཡོད་པ་མ་ཟད། ལྷག་པར་དུ་ཧྥ་རན་སིའི་སྲིད་འཛིན་དུ་རྒྱལ་ཞེན་རིང་ལུགས་པ་དེ་སླེབས་སོང་ན། ཡུ་རོབ་མཐུན་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་པ་དང་། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་རྒྱུ་གཏན་ཁེལ་ཟིན་པས་མ་འོངས་པར་ཡུ་རོབ་མཐུན་ཚོགས་ཀྱང་ནུས་པ་གང་ཡང་མེད་མཁན་ཞིག་ཏུ་འགྱུར་ངེས་པར་ཚོད་དཔག་དང་། འགྲེལ་བཤད་རྒྱག་མཁན་མང་པོ་བྱུང་སོང་། ཧྥ་རན་སིའི་མི་མང་གི་ངོས་ནས་གུ་ཡངས་རིང་ལུགས་པར་རྒྱབ་སྐྱོར་ཚད་མཐོན་པོ་བྱས་པ་ནི། རྒྱལ་ཞེན་རིང་ལུགས་དང་། མི་རིགས་རིང་ལུགས་བསྐྱར་དར་ལ་བར་ཆད་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཀྱང་རང་ཉིད་ཀྱི་རྗེས་འབྲང་པར་རྒྱབ་སྐྱོར་གྱི་རྣམ་འགྱུར་ཙམ་སྟོན་མ་ཕོད་པ་འདི་ཡང་གནས་ཚུལ་ལེགས་ཕྱོགས་སུ་འགྲོ་བཞིན་པར་ངོས་འཛིན་བྱེད་ཆོག་སྙམ།།

Print Friendly, PDF & Email
Share on Facebook6Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 122

Leave a Reply