བཙན་དབང་འོག་བཞག་པའི་གྲོས་མཐུན་དོན་ཚན་༡༧ ལ་ངོ་རྒོལ།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༣ ཉིན་དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་༡༩༥༡ ལོའི་ཕྱི་ཟླ་༥ པའི་ཚེས་༢༣ ཉིན་རྒྱ་ནག་དམར་གཞུང་གིས་བཙན་དབང་ཐོག་ནས་བོད་ཀྱི་སྐུ་ཚབ་ལ་གྲོས་མཐུན་དོན་ཚན་༡༧ ཟེར་བར་མིང་རྟགས་འགོད་དུ་བཅུག་ནས་མི་ལོ་ཧྲིལ་པོ་༦༦ འཁོར་བའི་ཉིན་མོ་དང་སྟབས་བསྟུན་ནས། དྷ་ས་མེག་གྷན་དུ་སྐབས་དེའི་བྱུང་བ་མཚོན་པའི་ཁྲོམ་སྐོར་འཁྲབ་སྟོན་དང་། བསྒྲགས་གཏམ་ཞིག་སྤེལ་སོང་།

ཁྲོམ་སྐོར་འཁྲབ་སྟོན་སྐབས་དྲག་ཆས་སྤྲས་པའི་རྒྱ་དམར་གྱི་དམག་མིའི་མེ་མདའི་སོ་ཁ་ནས་རང་དབང་མེད་པར་བོད་ཀྱི་སྐུ་ཚབ་ཚོས་ཡིག་ཆའི་ཐོག་མིང་རྟགས་འགོད་དགོས་ཁེལ་པའི་རྣམ་པ་འདུག་ལ། དེ་བཞིན་བསྒྲགས་གཏམ་ནང་། “ཕྱི་ལོ་༡༩༥༡ ལོའི་ཟླ་༥ པའི་ཚེས་༢༣ ཉིན་ནི། རྒྱ་དམར་གྱི་སྨྱོ་ཧམ་ཆེན་པོས་རང་ཉིད་ཀྱི་འདོད་འདུན་སྐོང་ཆེད་དྲག་པོའི་མཚོན་དང་། སྟོབས་ཆེན་དམག་གི་འཇིགས་སྐུལ་འོག་ང་ཕོད་ངག་དབང་འཇིགས་མེད་དང་། སྐུ་འཁོར་རྣམས་འུ་ཐུག་ཐབས་ཟད་ངང་མེ་མདའི་སོ་ཁ་ནས་རྒྱ་དམར་གྱིས་སྔ་ས་ནས་གྲ་སྒྲིག་བྱས་པའི་གྲོས་ཆོད་དོན་ཚན་བཅུ་བདུན་ཞེས་པར་གྲོས་མཐུན་གྱི་མིང་རྟགས་བཀོད་དུ་བཅུག་སྟེ་ལོ་ངོ་ཧྲིལ་པོ་༦༦ ཉིན་ནག་ཅིག་ཡིན་” ཞེས་དང་གྲོས་མཐུན་དོན་ཚན་༡༧ “དེ་ནི་རྒྱ་དམར་གྱིས་བཅིངས་གྲོལ་ཁ་ལ་ཁྱེར་ཏེ་བོད་ཁྱུར་མིད་གཏོང་བའི་འགོ་འཛུགས་ས་དང་། འཛམ་གླིང་མི་མང་གི་མདུན་དུ་རྒྱ་ནག་གིས་བོད་ནི་ཁྲིམས་མཐུན་ཐོག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་མངའ་ཁོངས་ཡིན་པར་སྟོན་པའི་སྲིད་ཇུས་ཤིག་ཆགས་ཡོད་་པ་རེད།” ཅེས་དང་། དེ་བཞིན་བསྒྲགས་གཏམ་ནང་བཙན་དབང་འོག་བཞག་པའི་གྲོས་མཐུན་དོན་ཚན་༡༧ ཟེར་བར་༧གོང་ས་མཆོག་གིས་ངོས་ལེན་གནང་མེད་པ་དང་། བོད་ཕྱོགས་ནས་རྩིས་མེད་བཏང་ཡོད་པ། གྲོས་མཐུན་དོན་ཚན་༡༧ ཟེར་བ་ནི་ཡིག་འཁྱམས་ཞིག་ཡིན་པ།གཞན་ཡང་“དེ་རིང་གི་ཉིན་མོ་འདི་རྒྱ་དམར་གཞུང་གིས་བོད་བཅིངས་གྲོལ་ཟེར་བའི་མིང་ཐོག་ནས་རྟེན་འབྲེལ་གྱི་མཛད་སྒོའི་ཉིན་མོ་ཞིག་ཏུ་བརྩི་སྲུང་ག་ཚོད་བྱས་ཀྱང་། ང་ཚོའི་ཕྱོགས་ནས་ཇི་སྲིད་དུ་བོད་ཀྱི་བདག་དབང་སླར་གསོ་མ་བྱུང་གི་བར་དུ་དེ་སྲིད་དུ་ངོ་རྒོལ་དང་རྡོག་རོལ་གཏོང་རྒྱུ་ཡིན་”ཞེས་ཀྱང་འཁོད་འདུག

ཁྲོམ་སྐོར་འཁྲབ་སྟོན་སྐོར་དྷ་ས་ས་གནས་གཞོན་ལྷན་ཚོགས་གཙོ་ལྷག་པ་ཚེ་རིང་གིས་དེ་རིང་གི་ཉིན་མོ་ནི་རྒྱ་དམར་གྱིས་ཁ་མཁས་པོ་དང་སྙིང་རྗེ་པོའི་ཐོག་ནས་གྲོས་མཐུན་དོན་ཚན་༡༧ ཟེར་བ་ཞིག་བཙན་གནོན་འོག་བཟོས་ནས་འཛམ་བུ་གླིང་མགོ་སྐོར་གཏོང་བའི་ཉིན་མོ་ཞིག་ཡིན་ཡང་། དོན་ངོ་མའི་ཐོག་ནས་གྲོས་མཐུན་དོན་ཚན་༡༧ ཟེར་བ་དེ་ང་ཕོད་ངག་དབང་འཇིགས་མེད་གཙོས་པའི་བོད་ཀྱི་སྐུ་ཚབ་ལྔ་ལ་མེ་མདའི་སྡིགས་རའི་འོག་ནས་བཙན་དབང་དང་མནར་གཅོད་ཀྱི་སྒོ་ནས་རྒྱ་དམར་ཁོ་རང་ཚོ་རང་གིས་བཟོས་པའི་གྲོས་ཆོད་ཅིག་ཡིན་པ་ལས་གྲོས་མཐུན་ཞིག་མིན་སྐོར། དེ་བཞིན་ཅོག་ཙེ་རྫིག་པོ་ཞིག་གི་ཐོག་ཏུ་མིང་རྟགས་འགོད་པ་དེ་འདྲ་པར་ནང་ལ་ཡིན་མདོག་ཁ་པོ་ཡོད་ཀྱང་། རྒྱབ་ལྗོངས་སུ་མིང་རྟགས་འགོད་མཁན་རྣམས་ཀྱི་བསམ་བློའི་ནང་མནར་གཅོད་དང་གདུག་རྩུབ་ཇི་ཙམ་མྱོང་ཡོད་མེད་དེ་འཛམ་གླིང་མི་མང་གིས་ད་བར་མཐོང་ཐུབ་མེད་སྟབས། ས་ཡིག་མ་བརྒྱབས་གོང་དུ་དངངས་སྐྲག་དང་འཇིགས་སྣང་ཇི་ཙམ་བྱུང་ཡོད་མེད་སྟོན་ཕྱིར་ཁྲོམ་གཞུང་འཁྲབ་སྟོན་གྱི་ལས་འགུལ་སྤེལ་བ་ཡིན་སྐོར་གསུངས་སོང་ལ།

གཞན་ཡང་ཁྲོམ་གཞུང་གི་འཁྲབ་སྟོན་བརྒྱུད་ནས་རྒྱ་ནག་དམར་གཞུང་གིས་དེ་འདྲའི་རྫུན་ལས་རྫུན་བཟོ་ནི་བོད་ཙམ་མ་ཡིན་པར་འཛམ་བུ་གླིང་ཁྱོན་ཡོངས་ལ་བྱེད་ཀྱི་ཡོད་པས་དེ་དག་འཛམ་བུ་གླིང་ལ་ངོ་སྤྲོད་ཡོང་རེ་ཡོད་སྐོར་ཡང་བརྗོད་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༡༦༦ ཀློག་གྲངས།