༧ཀརྨ་པ་རྒྱ་གར་ནང་དུ་ཆིབས་བསྒྱུར་བཀག་སྡོམ་མེད་པ་བཟོ་འཆར།

རྒྱ་གར་དབུས་གཞུང་གིས་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རྒྱ་གར་གྱི་ས་གནས་ཁག་ཏུ་ཆིབས་བསྒྱུར་སྐྱོང་སྐབས། འབྲས་ལྗོངས་ཀྱི་རུམ་ཐེག་དགོན་པ་ཕུད་གང་དུ་ཕེབས་ཀྱང་རྒྱ་གར་གཞུང་ལ་ཆོག་མཆན་ཞུ་མི་དགོས་པ་བྱེད་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་༢༤ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་དབུས་ནང་སྲིད་ལས་ཁང་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ལས་ཁང་གི་བདེ་སྲུང་ལྷན་ཚོགས་ལ། ༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ རྒྱ་གར་དབུས་གཞུང་གི་ཆོག་མཆན་མི་དགོས་པར། འབྲས་ལྗོངས་ཀྱི་རུམ་ཐེག་དགོན་པ་ཕུད་པའི། རྒྱ་གར་གྱི་ས་གནས་གང་སར་ཕེབས་ཆོག་པ་བཟོ་རྒྱུའི་གྲོས་འཆར་སྤྲད་ཡོད་འདུག

གནས་ཚུལ་དེའི་ནང་ཕྱི་ལོ་༢༠༠༠ ལོར་རྒྱ་གར་དབུས་གཞུང་གི་བློན་ཆེན་ལས་ཁང་གི་བདེ་སྲུང་ལྷན་ཚོགས་ཀྱིས། ༧རྒྱལ་དབང་ཀརྨ་པ་འབྲས་ལྗོངས་ཀྱི་རུམ་ཐེག་དགོན་པ་དང་དམག་དོན་གྱི་ཐབས་ཇུས་ལ་གལ་གནད་ཆེ་བའི་ས་གནས་སི་པི་ཏེ་དང་ལ་ཧུལ་སོགས་ལ། རྒྱ་གར་དབུས་གཞུང་གི་ཆོག་མཆན་མེད་པར་ཆིབས་བསྒྱུར་སྐྱོང་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

འོན་ཀྱང་ཕྱི་ལོ་༢༠༡༦ ལོར་རྒྱ་གར་དབུས་གཞུང་གིས། ༧རྒྱལ་དབང་ཀརྨ་པ་ཨ་རུ་ན་ཅལ་མངའ་སྡེར་ཆིབས་བསྒྱུར་བསྐྱངས་བཅུག་ཡོད་པ་རེད་ལ། འབྲས་ལྗོངས་སུ་ཡོད་པའི་ནང་པ་རྣམས་ཀྱིས། ཁོང་དེ་གར་ཆིབས་བསྒྱུར་བསྐྱང་འཇུག་དགོས་པའི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རེད།

དེ་བཞིན་ཕྱི་ལོ་༢༠༡༥ པའི་ཟླ་༡༡ པའི་ཚེས་༡༧ ཉིན་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པལ་ཝན་གྱིས་རྒྱ་གར་ནང་སྲིད་བློན་ཆེན་རཱཇེ་ན་ཋ་དང་མཇལ་འཕྲད་སྐབས། ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་འབྲས་ལྗོངས་སུ་ཕེབས་འཇུག་དགོས་པའི་འབོད་སྐུལ་ཞུས་སྐབས། ནང་སྲིད་བློན་ཆེན་གྱིས་རྒྱ་གར་ཁྲིམས་ཐོག་ནས་༧རྒྱལ་དབང་མཆོག་འབྲས་ལྗོངས་ལ་ཕེབས་པར་བཀག་དགོས་པའི་སྲིད་ཇུས་མེད་པས། མ་འོངས་པར་གནད་དོན་དེ་སེལ་ཐུབ་པའི་རེ་བ་ཡོད་སྐོར་འགྲེལ་གསུངས་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་སྲིད་བློན་མོ་རྡི་ལ་ཡང་དེའི་སྐོར་འབོད་སྐུལ་ཞུས་ཡོད་པ་རེད།

ཕྱི་ལོ་༢༠༡༦ ལོའི་ཟླ་༧ པའི་ཚེས་༦ ཉིན་འབྲས་ལྗོངས་མངའ་སྡེ་གཞུང་གིས་བཏང་བའི་གཞུང་འབྲེལ་ཡི་གེ་ཞིག་ནང་། ༧རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་ལ་ཆིབས་བསྒྱུར་བསྐྱངས་སྐབས། ཕེབས་བསུའི་གོ་སྒྲིག་བྱེད་མཁན་མི་ཞིག་ཀྱང་བསྐོ་བཞག་བྱས་འདུག་པ་དང་། ༧རྒྱལ་དབང་ཁོང་ལ་བློན་ཆེན་གནས་རིམ་གྱི་ཕེབས་བསུ་ཞུ་དགོས་སྐོར་འཁོད་འདུག་ཀྱང་། ད་བར་༧རྒྱལ་དབང་མཆོག་གི་ཡིག་ཚང་ལ་དེའི་སྐོར་རྒྱ་གར་གཞུང་ནས་བརྡ་ལན་གང་ཡང་འབྱོར་མེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༣༥ ཀློག་གྲངས།