རྒྱལ་ཁབ་བདུན་གྱི་དམག་ཤུགས་ཕྱིར་བསྡུའི་འབོད་སྐུལ་ལ་རྒྱ་ནག་གིས་ངོ་རྒོལ་བྱས།

ཟླ་འདིའི་ཚེས་༢༦ ནས་ཉིན་གཉིས་རིང་གི་བཟོ་ལས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ཐོག རྒྱ་ནག་ལྷོ་ཤར་གྱི་རྒྱ་མཚོ་གཉིས་ཀྱི་ནང་བདག་དབང་ཐད་རྩོད་རྙོག་ཡོད་པའི་ས་གནས་རྣམས་ནས་དམག་ཤུགས་ཕྱིར་བསྡུ་བྱ་རྒྱུའི་འབོད་སྐུལ་བྱས་པར་རྒྱ་ནག་གིས་ངོ་རྒོལ་བྱས་ཡོད་འདུག

རྒྱལ་སྤྱིིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་ཁབ་བདུན་(G7) གྱི་ཚོགས་ཆེན་དེ་ཨི་ཊ་ལིར་འཚོགས་པ་དང་། ཚོགས་འདུའི་ཉིན་མཐའ་མར་རྒྱལ་ཁབ་༧ ཐུན་མོང་གིས་སྤེལ་བའི་བསྒྲགས་གཏམ་ནང་། ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་གནས་སྟངས་ཐད་སེམས་ཁུར་ཡོད་པ་དང་། རྩོད་རྙོག་ཅན་གྱི་ས་གནས་དེ་དག་ནས་རྒྱ་ནག་གི་དམག་ཤུགས་ཕྱིར་བསྡུ་བྱ་རྒྱུར་འབོད་སྐུལ་བྱས་ཡོད་འདུག་ཀྱང་། ཟླ་འདིའི་ཕྱི་ཚེས་༢༨ ཉིན་རྒྱ་ནག་གིས། མཐུན་ཕྱོགས་སུ་གྱུར་པའི་རྒྱལ་ཁབ་༧ ནས་འགན་ཁུར་མེད་པའི་བྱ་བཞག་ངེས་པར་དུ་མཚམས་འཇོག་དགོས་སྐོར་སོགས་བསྒྲགས་ཏེ་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་འདུག

དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཁང་གིས། ཞི་བདེ་དང་སྲ་བརྟན་རྒྱུན་འཁྱོངས་ཀྱི་ཐོག་ནས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ཐད་རྩོད་རྙོག་ཡོད་པའི་རྒྱལ་ཁབ་ཚང་མ་དང་ལྷན་དུ། ཞི་མོལ་གྱི་ལམ་ནས་རྩོད་རྙོག་སེལ་ཐབས་བྱེད་བཞིན་ཡོད་སྐོར་དང་། ལྷན་ཚོགས་ཀྱི་ཚོགས་མི་རུ་གྱུར་པའི་རྒྱལ་ཁབ་༧ དང་། རྒྱལ་ཁབ་གཞན་ཚོས་རྩོད་རྙོག་གི་ཐོག་ལ་ཐེ་ཇུས་བྱེད་རྒྱུ་མཚམས་འཇོག་བྱེད་པའི་ཐོག  རྩོད་རྙོག་ནང་ལྷུང་བའི་རྒྱལ་ཁབ་ཚོས་རྩོད་རྙོག་ཞི་ཐབས་བྱེད་བཞིན་པར་གུས་བཀུར་བྱ་རྒྱུའི་རེ་བ་ཡོད་སྐོར་བརྗོད་ཡོད་འདུག

རྒྱལ་ཁབ་༧ (G7)ལས་གྲུབ་པའི་ཚོགས་མི་རྒྱལ་ཁབ་ནི། ཉི་ཧོང་དང་། ཨ་རི། འཇར་མན། དབྱིན་ཇི། ཨི་ཊ་ལི། ཧྥ་རན་སི། ཁེ་ན་ཌ་བཅས་ཡིན་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་ཁག་ཅིག་གི་བདག་དབང་དང་འབྲེལ་བའི་ཐོག་ནས་བི་རུ་ནེ་དང་། མ་ལེ་ཤི་ཡ། ཧྥི་ལིབ་ཧྤིང་། ཝེ་ཏི་ནམ། ཐའེ་ཝན་བཅས་དང་རྒྱ་ནག་གི་བར་རྩོད་རྙོག་ཡོད་ཁར། ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་དམག་དཔུང་དང་མངའ་ཁོངས་རྒྱ་བསྐྱེད་བྱེད་བཞིན་ཡོད་འདུག དེ་བཞིན་རྒྱ་ནག་དང་ཉི་ཧོང་གཉིས་བར་ལ་ཡང་། ཤར་རྒྱ་ནག་རྒྱ་མཚོ་ནང་ཡོད་པའི་མི་གནས་སྡོད་མི་བྱེད་སའི་གླིང་ཕྲན་ཆུང་ངུ་ཁག་ཅིག་གི་ཐོག་ལ་རྩོད་རྙོག་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༨༡ ཀློག་གྲངས།