བོད་ཀྱི་མཛངས་མ་འགྲན་སྡུར་ནང་ཞུགས་མཁན་མང་ཤོས་ད་ལོ་བྱུང་འདུག

ཟླ་འདིའི་ཕྱི་ཚེས་༣༠ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་དུ་བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་འདི་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་འགོ་འཛུགས་གསལ་བསྒྲགས་སྤེལ་བ་དང་། འདི་ལོར་བུད་མེད་༩ མཉམ་ཞུགས་བྱས་ཡོད་པ་རེད།

ཕྱི་ལོ་༢༠༠༢ ལོར་བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་བྱེད་འགོ་བཙུགས་ནས་ད་བར་དུ་འཛུལ་ཞུགས་པ་མང་ཤོས་བྱུང་ཡོད་པ་དང་། དེ་སྔོན་གྱི་འགྲན་སྡུར་ཐེངས་༡༤ ཁྲོད་ནས་མང་ཤོས་ལ་མི་༦ དང་ཐེངས་༤ ལ་འཛུལ་ཞུགས་པ་༡ ལས་མེད་པའི་གནས་སྟངས་བྱུང་ཡོད་འདུག

ད་ཐེངས་ཀྱི་འཛུལ་ཞུགས་པ་རྣམས་ནི། ལྡི་ལི་ནས་ཡིན་པའི་འཆི་མེད་སྐྱིད་འཛོམས་དང་། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནས་ཡིན་པའི་མིག་དམར་སྒྲོལ་མ། ཡོ་རོབ་ཨོ་སི་ཊུ་རི་ཡ་ནས་ཡིན་པའི་གསལ་སྒྲོན། བྷེང་ལོར་ནས་ཡིན་པའི་བསྟན་འཛིན་མཁས་ཆོས། ཅོན་ཏ་ར་ནས་ཡིན་པའི་བསྟན་འཛིན་ནོར་སྒྲོན། མ་ན་ལེ་ནས་ཡིན་པའི་བསྟན་འཛིན་ནོར་འཛོམས། ཀོ་ལི་གྷལ་ནས་ཡིན་པའི་བསྟན་འཛིན་དཔལ་སྒྲོན། བྷེལ་ཀོབ་ནས་ཡིན་པའི་བསྟན་འཛིན་དབྱངས་སྐྱིད་དང་བསྟན་འཛིན་ཡེ་ཤེས་བཅས་རེད་འདུག

བོད་ཀྱི་མཛངས་མའི་འགྲན་སྡུར་གྱི་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་ད་བར་དུ་བོད་ཀྱི་མཛངས་མའི་འགྲན་སྡུར་ཐེངས་༡༤ བྱས་ཟིན་པ་དང་། མཛངས་མའི་དབུ་རྒྱན་བཞེས་མཁན་རྣམས་མང་ཆེ་བ་འཛམ་གླིང་རྒྱལ་སྤྱིའི་མཛངས་མའི་འགྲན་སྡུར་ནང་ཞུགས་ཟིན་ཡོད་རེད། དེ་བཞིན་མཛངས་མའི་འགྲན་སྡུར་ལ་རྒྱ་ནག་གཞུང་གིས་མ་དགའ་བའི་རྣམ་འགྱུར་བསྟན་ཏེ་སྡང་སེམས་ཆེན་པོའི་ཐོག་ནས་བོད་ཀྱི་བུད་མེད་རྒྱལ་སྤྱིའི་མཛངས་མའི་འགྲན་སྡུར་ནང་ཞུགས་རྒྱུར་བཀག་འགོག་བྱེད་ཐབས་བྱས་ནས་ཐེངས་ཁ་ཤས་ལ་ཕྱིར་འཐེན་བྱེད་དགོས་ཁེལ་ཡོད་ཀྱང་། བོད་ཀྱི་མཛངས་མའི་འགྲན་སྡུར་ནི་བུད་མེད་ནུས་སྟོབས་གོང་སྤེལ་ཐབས་ལམ་ཞིག་ལས་སྲིད་དོན་དང་འབྲེལ་བ་ཞིག་མིན། དེ་བཞིན་བུད་མེད་ཀྱི་ནུས་སྟོབས་སྤེལ་དགོས་ན་མཛངས་མའི་འགྲན་སྡུར་ལྟ་བུའི་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་སྤེལ་དགོས་པ་ལས་ཉ་དང་ཉུང་མ་བསྲེས་པ་ནང་བཞིན་ཆབ་སྲིད་བསྲེས་ན་ཏག་ཏག་བསྡད་ཀྱི་མེད་སྟབས་དེ་རྒྱ་ནག་གཞུང་གི་ངོས་ནས་བྱེད་སྟངས་ནོར་བ་རེད་ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་ཡང་། བུད་མེད་ཀྱི་ནུས་སྟོབས་སྤེལ་ཆེད་ཚོགས་འདུ་རྐྱང་རྐྱང་འཚོགས་བསྡད་ན་བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུ་ཁག་པོ་ཡིན་སྐོར་དང་། མཛངས་མའི་འགྲན་སྡུར་དེ་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་ཐབས་ལམ་བཟང་ཤོས་དེ་རེད་བརྗོད་ཀྱི་མེད་ཀྱང་། འདི་ནང་བཞིན་གྱི་སྡིངས་ཆ་མང་པོ་བསྐྲུན་ན་བུད་མེད་ཀྱི་ནུས་སྟོབས་གཞི་ནས་སྤེལ་ཐུབ་པ་ཡོང་པ་ལས། ཁ་ནས་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྐད་ཆ་བཤད་དེ་ཚོགས་འདུ་རྐྱང་འཚོགས་བསྡད་ན་བུད་མེད་ནུས་སྟོབས་སྤེལ་ཐུབ་པ་མཐོང་གི་མེད་སྐོར་འགྲེལ་བརྗོད་བྱས་སོང་།

ཕྱི་ཟླ་༦ པའི་ཚེས་༢ ཀྱི་ཉིན་རྒྱབ་ཏུ་སྒེག་འགྲོས་ངོམ་སྟོན་འགྲན་སྡུར་དང་། ཕྱི་ཟླ་༦ པའི་ཕྱི་ཚེས་༣ ཉིན་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་དགོང་མོ་སྐད་ཆ་དང་། སྒྱུ་རྩལ་གྱི་འགྲན་སྡུར་བྱ་རྒྱུ། ཕྱི་ཟླ་༦ པའི་ཕྱི་ཚེས་༤ ཉིན་རང་ཉིད་ངོ་སྤྲོད་དང་། ཕྱི་ལུགས་ཀྱི་གྱོན་ཆས། ཐུན་མིན་བོད་ཀྱི་ཆས་གོས། གཟུ་དཔང་བའི་བཅར་འདྲི་ལ་ལན་འདེབས་བཅས་ལས་རིམ་མི་འདྲ་བ་༤ ཡི་ཐོག་ནས་དངོས་གཞིའི་འགྲན་སྡུར་བྱ་རྒྱུ་ཡིན་པ་རེད།

ལོ་ལྟར་མཛངས་མ་འགྲན་སྡུར་ནང་ཨང་དང་པོ་སོན་མཁན་ལ་ཧིན་སྒོར་༡༠༠༠༠༠ དང་། ཨང་གཉིས་པར་ཧིན་སྒོར་༥༠༠༠༠། གསུམ་པར་ཧིན་སྒོར་༢༥༠༠༠ བཅས་བྱ་དགའ་སྤྲོད་ཀྱི་ཡོད་པ་ལྟར་ཐེངས་འདི་ལ་ཡང་དེ་ལྟར་འབུལ་རྒྱུ་རེད། འདི་ལོར་ཨང་རིམ་དང་པོའི་བྱ་དགའི་སྦྱིན་བདག་ནི་ཐའེ་ཝན་གནས་སྡོད་བསྟན་འཛིན་ཅ་ལི་དང་། བྱ་དགའ་ཨང་གཉིས་པའི་སྦྱིན་བདག་ནི་ཨ་རི་ཀ་ལི་ཧྥོ་ནི་ཡར་གནས་སྡོད་བསྟན་པ་རྡོ་རྗེ་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༥༢༡ ཀློག་གྲངས།