རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ནང་བོད་པའི་སློབ་གྲྭ་ཁག་གི་བརྒྱ་ཆ།

༢༠༡༧ ལོའི་ཟླ་༥ ཚེས་༢༨ ཉིན་གྱི་སྔ་དྲོ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བྱས་ཡོད་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་གསུམ་གྱིས་ཡིག་ཚད་བརྒྱ་ཆ་བརྒྱ་འཕྲོད་ཡོད་པ་རེད།

འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་ཕྲུག་གྲངས་༡༢༩༢ འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་༡༡༢༣ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་༡༢༨། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༤༠ བཅས་བྱུང་འདུག

བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་སྤྱི་ཡོངས་རྒྱུགས་འཕྲོད་བརྒྱ་ཆ་༨༦་༩༢ ཡིན་པ་དང་དེའི་ནང་ནས་བུ་ཡིག་རྒྱུགས་གཏོང་མཁན་གྲངས་ ༦༥༧ ཡོད་པའི་ཁོངས་ནས་རྒྱུགས་འཕྲོད་པའི་སློབ་མ་གྲངས་༥༣༣ དང་། བུ་མོ་ཡིག་རྒྱུགས་གཏོང་མཁན་གྲངས་༦༣༤ ཡོད་ཁོངས་ནས་རྒྱུགས་འཕྲོད་པའི་སློབ་མ་གྲངས་༥༨༧ བྱུང་ཡོད་པ་རེད།
འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་བོད་པའི་སློབ་གྲྭ་ཁག་༡༧ ཡོད་པའི་ཁོངས་ནས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་༡༠༠ ནས་༡༠༠ ལེན་མཁན་སློབ་གྲྭ་གསུམ་ཡོད་པ་ནི། སུ་ཇ་བོད་ཁྱིམ་དང་། སེ་ལ་ཁུ་བོད་ཁྱིམ། སྤོན་ཌ་གཏན་སློབ་བཅས་ཡིན་པ་རེད། སྔ་ལོ་ལྟར་འདི་ལོར་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བུ་ལས་བུད་མེད་ཀྱིས་བརྒྱ་ཆ་མཐོ་བ་བླངས་ཡོད་པ་དང་། བུ་མོའི་རྒྱུགས་འཕྲོད་བརྒྱ་ཆ་ནི་༩༢་༥༩ ཡིན་པ་དང་བུའི་རྒྱུགས་འཕྲོད་བརྒྱ་ཆ་ནི་༨༡་༡༣ ཡིན་པ་རེད།
སྒྱུ་རྩལ་གྱི་སྡེ་ཚན་ཁོངས་ནས་སློབ་ཕྲུག་གྲངས་༡༥༢ དང་ཚོང་རིག་གི་སྡེ་ཚན་ཁོངས་ནས་སློབ་མ་གྲངས་༢༠། ཚན་རིག་སྡེ་ཚན་ཁོངས་ནས་སློབ་མ་གྲངས་༨༦ གིས་བརྒྱ་ཆ་༧༥ ལས་ལྷག་བླངས་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་ཐོག་ལའང་སློབ་ཕྲུག་གྲངས་༣༩༨ ཀྱིས་བརྒྱ་ཆ་༧༥ ལས་ལྷག་བླངས་ཡོད་པ་དང་དེའི་ཁོངས་ནས་སློབ་ཕྲུག་གྲངས་༡༦ གིས་བརྒྱ་ཆ་༩༩ བླངས་ཡོད་པ་རེད།
དགའ་ལྡན་ཕོ་བྲང་གི་བྱ་དགའ་ལེན་མཁན་སྒྱུ་རྩལ་གྱི་སྡེ་ཚན་ཁོངས་ནས་ཨང་དང་པོ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་འཆི་མེད་ཀྱིས་བརྒྱ་ཆ་༩༢༌༢། ཨང་གཉིས་པ་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་རིན་ཆེན་སྐྱིད་དང་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་མཚོས་བརྒྱ་ཆ་༩༠་༠༤། ཨང་གསུམ་པ་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་དབྱངས་སྒྲོན་གྱིས་བརྒྱ་ཆ་ ༩༠་༢། བླངས་ཡོད་རེད། ཚོང་རིག་གི་སྡེ་ཚན་ཁོངས་ནས་ཨང་དང་པོ། རྡ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བཟང་མོས་བརྒྱ་ཆ་༨༧་༨ དང་། ཨང་གཉིས་པ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ལྷག་པ་བསོད་ནམས་དང་ཁ་བཤད་དབང་མོས་བརྒྱ་ཆ་༨༢་༠༦། ཨང་གསུམ་པ་མོན་གྷོ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་དབང་ལྡན་གྱིས་བརྒྱ་ཆ་༨༢ བླངས་ཡོད་པ་རེད།
ཚན་རིག་སྡེ་ཚན་གྱི་ཁོངས་ནས་ཨང་དང་པོ། ཀ་སྦུག་གཏན་སློབ་ཀྱི་སློབ་མ་བསམ་གཏན་གྱིས་བརྒྱ་ཆ་ ༩༠་༠༦། ཨང་གཉིས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་སངས་རྒྱས་ཆོས་སྐྱོང་གིས་བརྒྱ་ཆ་ ༩༠། ཨང་གསུམ་པ་མོན་གྷོ་གཏན་སློབ་ཀྱི་སློབ་མ་ཀུན་དགའ་འཆི་མེད་དང་ལྷ་མོ་ཆོས་སྒྲོན་གཉིས་ཀྱིས་བརྒྱ་ཆ་༨༨།༠༨ བླངས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༨༨ ཀློག་གྲངས།