རྒྱ་ནག་གཞུང་དང་ཌོ་ནལ་ཊོམ་གཉིས་ལ་ལས་འགུལ་བ་གློད་གྲོལ་དགོས་པའི་འབོད་བརྡ།

རྒྱ་ནག་ནང་གི་ལས་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལས་འགུལ་བ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པ་རྣམས་གློད་གྲོལ་དགོས་པའི་འབོད་བརྡ་རྒྱ་ནག་གཞུང་དང་ཌོ་ནལ་ཊོམ་གཉིས་ལ་བཏང་ཡོད་འདུག

ཧུ་ཧི་ཧྥེང་

དེ་ཡང་ཟླ་འདིའི་ཕྱི་ཚེས་༣༡ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༧ ཉིན་ཨི་ཝན་ཀ་ཊོམ་(Ivanka Trump)རྟགས་ཅན་གྱི་ལྷམ་མགོ་དང་། གཞན་ནུབ་ཕྱོགས་ཀྱི་ཚོང་རྟགས་ཅན་གྱི་ལྷམ་མགོ་ཁག་ཅིག་བཟོ་སྐྲུན་བྱེད་བཞིན་པའི་རྒྱ་ནག་ནང་གི་ཚོང་ལས་ཁང་ལ་བརྟག་དཔྱད་བྱེད་མཁན་གྱི་ལས་འགུལ་བ་ཧུ་ཧི་ཧྥེང་ཟེར་བ་ཞིག་ལ། ཁྲིམས་འགལ་གྱི་གསང་མྱུལ་བྱེད་ཀྱི་ཡོད་པའི་ཉེས་མིང་འོག་ནས་རྒྱ་ནག་ཅང་ཤིའི་ཞིང་ཆེན་དུ་ས་གནས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཧུ་ཧི་ཧྥེང་ཞེས་པའི་ལས་འགུལ་བ་དེ་ནི་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་ནང་གི་ལས་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཆེད་དུ་གསང་ཐབས་ཀྱི་སྒོ་ནས་ལས་ཀ་བྱེད་མཁན་ཞིག་ཡིན་འདུག་ལ། ཁོས་དེ་སྔོན་རྒྱ་ནག་ནང་གི་ཚོང་ལས་ཁང་དུ་ལས་མི་རྣམས་ལ་བཙན་ཤེད་ཀྱི་ཐོག་ནས་དུས་ཚོད་འཕར་མ་ལ་ལས་ཀ་བྱེད་དུ་འཇུག་པ་དང་། གླ་ཕོགས་ཏག་ཏག་མ་སྤྲད་པ་མཐོང་ཡོད་སྐོར་བརྗོད་ཡོད་འདུག

ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་ནང་གི་ལས་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དེས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ནས་ལས་འགུལ་བ་དེ་གློད་གྲོལ་ཡོང་ཐབས་བྱེད་དགོས་སྐོར་གྱི་འབོད་བརྡ་བཏང་ཡོད་འདུག་ལ། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཀྱང་ད་ཐེངས་བཀག་ཉར་བྱས་པའི་ལས་འགུལ་བ་ཧུ་ཧི་ཧྥེང་ནང་བཞིན། དེ་སྔོན་ནས་གར་སོང་ཆ་མེད་དུ་གྱུར་པའི་ལས་འགུལ་བ་ལིའི་ཅའོ་དང་། སུའུ་ཨེང་གཉིས་ཀྱང་རྒྱ་ནག་གཞུང་ནས་བཀག་ཉར་བྱས་ཡོད་པའི་འཇིགས་སྣང་ཡོང་གི་ཡོད་སྐོར་དང་། ལས་འགུལ་བ་གསུམ་ཀ་གློད་གྲོལ་གཏོང་རྒྱུའི་དགོས་འདུན་བཏོན་ཡོད་འདུག  འོན་ཀྱང་། རྒྱ་ནག་གཞུང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས་ཀའི་ཕྱོགས་ནས་ད་བར་ལན་འདེབས་གང་ཡང་བྱས་མེད་པ་རེད།

ཕྱི་ཟླ་༣ པ་ནས་༥ པའི་བར་ཟླ་ངོ་གསུམ་གྱི་རིང་ལ་གོང་གསལ་ལས་འགུལ་བ་རྣམས་ཀྱི་ལས་ཀ་ནི། རྒྱ་ནག་བཀང་ཏུང་ཞིང་ཆེན་དང་ཅང་ཤིའུ་ཞིང་ཆེན་གཉིས་ནང་ཡོད་པའི་ལྷམ་མགོ་བཟོ་ཚོང་ཁང་གཉིས་སུ་ལས་མིའི་གནས་སྟངས་ཀྱི་སྐོར་ལ་བརྟག་ཞིབ་བྱེད་རྒྱུ་དེ་ཡིན་འདུག བརྟག་ཞིབ་སྐབས་ལས་འགུལ་བ་སུའུ་ཨེང་གིས་ཅང་ཤིའུ་ཞིང་ཆེན་ནང་བཟོ་ལས་ཁང་ཞིག་གིས་ཨི་ཝན་ཀ་ཊོམ་རྟགས་ཅན་གྱི་ལྷམ་མགོ་བཟོ་སྐྲུན་བྱེད་སྐབས་ཉིན་གཅིག་ལ་ལས་མི་རེར་ཆུ་ཚོད་༡༨ རིང་ལ་ལས་ཀ་བྱེད་འཇུག་པ་དང་། གླ་ཕོགས་ཉུང་མཐའི་ཚད་གཞི་ལས་དམའ་བ་མ་གཏོགས་མ་སྤྲད་དེ། ལས་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་གི་ཡོད་པའི་དཔང་རྟགས་ར་སྤྲོད་བྱུང་ཡོད་འདུག

གོང་གསལ་ལས་འགུལ་བ་༣ ནས་༢ དེ་སྔོན་ནས་གར་སོང་ཆ་མེད་དུ་གྱུར་ཟིན་ཡོད་འདུག་ལ། ལས་འགུལ་བ་༡ ཟླ་འདིའི་ཕྱི་ཚེས་༢༧ ནས་འཛིན་བཟུང་བཀག་ཉར་བྱས་ཟིན་སྟབས་ད་ལྟ་ཁོང་རྣམས་དང་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་ནང་གི་ལས་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཉིས་བར་འབྲེལ་མཐུད་ཆད་ཡོད་འདུག །གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༨༩ ཀློག་གྲངས།