བོད་ཀྱི་བུད་མེད་རྐང་སྤོལ་རྩེད་འགྲན་ཐེངས་གཉིས་པ་རྩེད་འཆར།

ཟླ་འདིའི་ཚེས་༡ ཉིན་དྷ་སར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་བོད་ཀྱི་བུད་མེད་རྐང་སྤོལ་རྩེད་འགྲན་ཐེངས་གཉིས་པ་ཟླ་འདིའི་ཚེས་༤ ཉིན་འགོ་འཛུགས་བྱེད་ཀྱི་ཡིན་པ་དང་། རྩེད་འགྲན་དེའི་ནང་བོད་ཀྱི་བུད་མེད་རུ་ཁག་གཉིས་དང་། རྒྱ་གར་གྱི་རུ་ཁག་གཉིས་མཉམ་ཞུགས་བྱས་ཡོད་པ་རེད།

རྩེད་རིགས་ཚོགས་པའི་ངོས་ནས་དྷ་ས་བོད་ཀྱི་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པ་དང་། དེར་ཚོགས་པའི་དྲུང་ཆེ་ཟུར་བ་སྐལ་བཟང་དོན་གྲུབ་དང་། དྲུང་ཆེ་གསར་པ་སངས་དོན་གྲུབ། ཚོགས་མི་ཡིན་པ་བུད་མེད་ཚོགས་པའི་སྐུ་ཚབ་ཚོགས་གཞོན་ཚེ་རིང་སྒྲོལ་མ། རྩེད་འགྲན་པ་བུད་མེད་གཉིས་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

རྩེད་རིགས་ཚོགས་པའི་ངོས་ནས་འགྲེལ་བརྗོད་བྱས་པ་ལྟར་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྐྱེས་པ་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ཡོད་པ་བཞིན། བུད་མེད་ཀྱི་རྩེད་འགྲན་རུ་ཁག་ཀྱང་ལོ་སྔོན་མ་ནས་གོ་སྒྲིག་བྱས་ཡོད་པ་བཞིན་རིམ་པས་ཡར་རྒྱས་གཏོང་འཆར་ཡོད་འདུག ཨ་རི་བ་ཀེ་སི་ཡིས་སྣེ་ཁྲིད་འོག་བོད་ཀྱི་བུད་མེད་རྐང་སྤོལ་ཞེས་པའི་སྡེ་ཚན་ཞིག་ཟུར་འཛུགས་བྱས་ཡོད་པ་དང་། དེར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ངོས་ལེན་བྱེད་ཀྱི་མེད་ནའང་། དེའི་ནང་དུ་རྩེད་མཁན་བུད་མེད་ཚོར་ཐེངས་འདིའི་རྩེད་འགྲན་ནང་མཉམ་ཞུགས་ཆོག་གི་ཡོད་པ་མ་ཟད། བུད་མེད་ཁག་ཅིག་མཉམ་ཞུགས་བྱས་ཡོད་སྐོར། ཨ་རི་བ་ཀེ་སི་ཡིས་སྔོན་མ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་དང་མཉམ་ལས་བྱས་པ་དང་། ༢༠༡༥ ལོར་མོས་བུད་མེད་རྩེད་འགྲན་རུ་ཁག་ཟུར་འཛུགས་བྱས་པ་ཡིན་སྐོར་ཡང་འགྲེལ་བརྗོད་བྱས་སོང་།

གསར་འགོད་པས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དེ་མིང་ཆེན་པོ་དང་ཚོགས་པ་རྙིང་པ་ཡིན་ནའང་། རྒྱལ་ཡོངས་རིང་བཞིན་གྱི་རྩེད་མོ་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་ལས་གཞན་མེད་པའི་རྒྱུ་མཚན་གང་ཡིན་སྐོར་དྲིས་པར། རྩེད་རིགས་ཚོགས་པའི་དྲུང་ཆེས། རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་སྐད་གྲགས་ཆེན་པོ་ཆགས་ཡོད་པ་དང་། དེ་བཞིན་སློབ་གྲྭ་ཁག་གི་བར་དང་། ས་གནས་ཁག་ཏུ་ལག་རྩེད་སྤོ་ལོའི་མཚོན་རྩེད་མོ་ཁག་ཅིག་གོ་སྒྲིག་བྱེད་ཀྱི་ཡོད་སྐོར་དང་། མ་འོངས་པར་ས་གནས་ཚང་མ་མཉམ་ཞུགས་ཆོག་པའི་ལག་རྩེད་སྤོ་ལོ་གོ་སྒྲིག་བྱེད་འཆར་ཡོད་སྐོར་གསུངས་པ་དང་། དཀའ་ངལ་གཙོ་བོ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་དང་། རྩེད་འགྲན་ནང་མཉམ་ཞུགས་བྱེད་མཁན་མང་པོ་མེད་པའི་དཀའ་ངལ་ཡོད་པས། ས་གནས་ཁག་ཏུ་རྩེད་འགྲན་པ་གསོ་སྐྱོང་ཡོང་ཐབས་བྱེད་ཀྱི་ཡོད་སྐོར་ཡང་འགྲེལ་བརྗོད་བྱས་སོང་།

རྒྱལ་སྤྱིའི་ནང་གི་རྒྱལ་ཁབ་གང་ཡིན་ཡང་བུད་མེད་རྐང་སྤོལ་རྩེད་མཁན་རྗེས་ལས་ཆགས་ཡོད་པ་དང་། བཙན་བྱོལ་བོད་མིའི་ནང་དུའང་དེ་བཞིན་རྗེས་ལས་ཆགས་ཡོད་པས། མ་འོངས་པར་ཡར་རྒྱས་གཏོང་འཆར་ཡོད་སྐོར་ཡང་རྩེད་རིགས་ཚོགས་པའི་ངོས་ནས་འགྲེལ་བརྗོད་བྱས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༧༥ ཀློག་གྲངས།