རྒྱ་གཞུང་དང་ཡོ་རོབ་མཐུན་ཚོགས་གཉིས་མཉམ་འབྲེལ་དང་ཌོ་ནལ་ཊོམ་ཕྱིར་འཐེན་བྱེད་འཆར།

ཕེ་རི་སིར་བཞག་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ནས་ཨ་རི་ཕྱིར་འཐེན་བྱེད་རྒྱུར་ཌོ་ནལ་ཊོམ་གྱིས་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་གྲགས་བཞིན་པའི་དུས་སུ། ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཞུང་མཉམ་འབྲེལ་གྱིས་གྲོས་མཐུན་དེའི་གལ་ཆེའི་རང་བཞིན་སྐོར་གྱི་བསྒྲགས་གཏམ་ཞིག་སྤེལ་རྒྱུ་ཡིན་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་སྔོན་ཕྱི་ལོ་༢༠༡༥ ལོར་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་ལ་བཞག་པའི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ནས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རི་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་ཟླ་འདིའི་ཕྱི་ཚེས་༡ ཉིན་སྤེལ་རྒྱུའི་གྲ་སྒྲིག་ཡོད་སྐོར་གྲགས་བཞིན་ཡོད་པ་དང་དུས་མཚུངས་སུ། རྒྱ་ནག་གཞུང་དང་ཡོ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་རྣམས་ཟུང་འབྲེལ་གྱིས་ཕྱི་ལོ་༢༠༡༥ ལོར་བཞག་པའི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་གྱི་གལ་ཆེའི་རང་བཞིན་སྐོར་ལ་ཟླ་འདིའི་ཕྱི་ཚེས་༢ ཉིན་བྷེལ་འཇམ་གྱི་རྒྱལ་ས་བྷར་སེལ་དུ་ལྷན་ཚོགས་ཞིག་འཚོགས་རྗེས་བསྒྲགས་གཏམ་ཞིག་སྤེལ་རྒྱུ་ཡིན་འདུག

དེ་ཡང་བསྒྲགས་གཏམ་གྱི་མ་ཟིན་ཡིག་ཆ་སྦི་སྦི་སི་གསར་ཁང་གིས་དངོས་མཐོང་བྱུང་བའི་ནང་། “ཕེ་རི་སིར་བཞག་པའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ནི་ད་ལྟ་ཧ་ཅང་དགོས་ངེས་ཅན་དང་། གལ་ཆེ་ཤོས་ཀྱི་དུས་ཤིག་ཆགས་ཡོད་རེད་”ཅེས་དང་། གྲོས་མཐུན་དེ་ལག་བསྟར་བྱ་རྒྱུ་ནི་གཞུང་སྲིད་ཀྱི་དམ་བཅའ་ཆེ་ཤོས་དེ་ཡིན་སྐོར་འཁོད་ཡོད་འདུག

དེ་བཞིན་གོ་ལའི་ཚ་དྲོད་འཕར་ནས་གནམ་གཤིས་ལ་འགྱུར་ལྡོག་བྱུང་ཚེ་རྒྱལ་ཁབ་སོ་སོའི་རྒྱལ་ནང་གི་བདེ་འཇགས་ལ་ཉེན་ཁ་དང་། སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས་སྲ་བརྟན་མེད་པ་ཆགས་རྒྱུ་ཡིན་སྐོར། སྣུམ་རིགས་ལྟ་བུའི་ཁོར་ཡུག་ལ་འབག་བཙོག་ཐེབས་པའི་ནུས་པ་རྣམས་ཀྱི་ཚབ་ཏུ། ཉི་འོད་ཀྱི་ནུས་ཤུགས་ལྟ་བུའི་ནུས་པ་གཙང་མ་རྣམས་བེད་སྤྱོད་བྱས་ན་ལས་ཀ་མང་པོ་གསར་གཏོད་བྱེད་ཐུབ་པ་དང་། དཔལ་འབྱོར་ཡར་རྒྱས་གཏོང་ཐུབ་སྐོར།

གཞན་ཡང་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་ཀས་ཕེ་རི་སིར་བཞག་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ནི་ལོ་རྒྱུས་རང་བཞིན་ཅན་གྱི་གྲུབ་འབྲས་ཤིག་ཡིན་པར་བསམ་བཞིན་ཡོད་སྐོར་དང་། གྲོས་མཐུན་དེ་ནི་རྒྱལ་ཁབ་ཕན་ཚུན་གྱི་ཡིད་ཆེས་དང་། མཉམ་འབྲེལ། སྲིད་གཞུང་སོ་སོའི་ཀུན་སློང་བཅས་ད་ལྟའི་དུས་ཀྱི་གོ་ལ་སྤྱི་ཡོངས་ཀྱི་དཀའ་ངལ་སེལ་བར་ཐབས་ལམ་གལ་ཤོས་དེ་ཆགས་ཡོད་པའི་དཔང་རྟགས་ལྟ་བུར་གྱུར་ཡོད་སྐོར་བསྒྲགས་གཏམ་གྱི་མ་ཟིན་ནང་འཁོད་ཡོད་འདུག

ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་བཞག་པའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ཞེས་པ་དེ་ནི། ཕྱི་ལོ་༢༠༡༥ལོར་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་ལ་རྒྱལ་ཁབ་༡༩༥ ཡི་སྐུ་ཚབ་རྣམས་ལྷན་འཛོམས་བྱས་ཏེ། བཟོ་གྲྭ་དང་རྡོ་སོལ། རླངས་འཁོར་གྱི་དུ་བ་ནག་པོ་སོགས་ལ་བརྟེན་ནས་གོ་ལའི་ཚ་དྲོད་འཕར་གྱི་ཡོད་པ་དང་། དེས་འཛམ་གླིང་གི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་སྟབས། ཨ་རི་གཙོས་པའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་དང་། བཟོ་ལས་ཅན་དུ་འགྱུར་བཞིན་པའི་རྒྱལ་ཁབ་རྣམས་ཀྱིས་གོ་ལའི་ཚ་དྲོད་འཕར་བཞིན་པ་དེ་འགོག་ཐབས་བྱ་དགོས་པའི་གྲོས་མཐུན་ཞིག་བཞག་ཡོད་པ་དང་། སྐབས་དེའི་ཨ་རིའི་སྲིད་འཛིན་ལས་ཐོག་པ་ཨོ་བྷ་མས་ཀྱང་གྲོས་མཐུན་དེར་མོས་མཐུན་གྱི་མིང་རྟགས་བཀོད་ཡོད་འདུག་ཀྱང་།  ད་ལྟའི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་དེ་སྔོན་སྲིད་འཛིན་འོས་གཞིའི་ཁྱབ་བསྒྲགས་སྐབས་སུ་གྲོས་མཐུན་དེ་ལས་ཕྱིར་འཐེན་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་འདུག་ལ། དེ་བཞིན་ཟླ་བ་འདིའི་ཕྱི་ཚེས་༡ ཉིན་ཕྱིར་འཐེན་གྱི་གསལ་བསྒྲགས་བྱེད་རྒྱུ་ཡིན་སྐོར་ཡང་གྲགས་བཞིན་ཡོད་པ་རེད་འདུག

སྦི་སྦི་སི་གསར་ཁང་གིས་བརྗོད་པ་ལྟར་ན། འདས་པའི་ལོ་ངོ་གཅིག་ལྷག་གི་རིང་ལ་རྒྱ་ནག་གཞུང་དང་ཡོ་རོབ་མཐུན་ཚོགས་ཀྱི་ལས་བྱེད་རྣམས་ཀྱིས་གསང་བའི་སྒོ་ནས་ལས་ཀ་བྱས་ཏེ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། ནུས་ཤུགས་གཙང་མ་གཉིས་ཀྱི་ཐོག་ལ་མཉམ་འབྲེལ་གྱི་བསྒྲགས་གཏམ་དེ་སྤེལ་རྒྱུ་བྱུང་བ་ཞིག་ཡིན་སྐོར་ཡང་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༢༨ ཀློག་གྲངས།