༢༠༡༧ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་བསྟན་འཛིན་དཔལ་སྒྲོན་ལ་ཐོབ་ཡོད་པ་རེད།

ཟླ་འདིའི་ཚེས་༤ དགོང་མོར་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་བོད་ཀྱི་མཛངས་མའི་འགྲན་སྡུར་ཉིན་མཐའ་མའི་ཐོག ༢༠༡༧ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་བསྟན་འཛིན་དཔལ་སྒྲོན་ལ་གཡོགས་པ་དང་། ཨང་རིམ་གཉིས་པ་བསྟན་འཛིན་མཁས་ཆོས་དང་གསུམ་པ་བསྟན་འཛིན་ནོར་སྒྲོན་གཉིས་ལ་བྱ་དགའ་སྤྲད་ཡོད་པ་རེད།
མཛངས་མའི་འགྲན་སྡུར་གོ་སྒྲིག་འགན་ཁུར་བ་བློ་བཟང་དབང་རྒྱལ་གྱིས། འདི་ལོར་མཛངས་མའི་འགྲན་སྡུར་གོ་སྒྲིག་ཐེངས་བཅོ་ལྔ་ལ་བྱས་པ་དང་། ད་ལྟ་ཁོ་རང་སྒེར་གྱི་ངོས་ནས་གོ་སྒྲིག་བྱེད་རྒྱུ་མཚམས་འཇོག་བྱས་ཏེ།
མི་གཞན་ལ་བོད་ཀྱི་མཛངས་མའི་གོ་སྒྲིག་གི་མིང་བྱང་བཙོང་རྒྱུན་ཡིན་སྐོར་གསུངས་སོང་ལ། དེ་བཞིན་ཁོང་གིས་རྒྱུན་རིང་འགན་ཁུར་བྱས་པ་ཡིན་པས། གོ་སྒྲིག་བྱེད་མཁན་མི་བརྗེ་པོ་རྒྱག་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་སོང་།
འདི་ལོར་མཛངས་མའི་འགྲན་སྡུར་ནང་བུད་མེད་༩ མཉམ་ཞུགས་བྱས་ཡོད་པ་དང་། ཕྱི་ལོ་༢༠༠༢ ལོར་བོད་ཀྱི་མཛངས་མའི་འགྲན་སྡུར་འགོ་འཛུགས་བྱས་ནས་ད་བར་དུ་འཛུལ་ཞུགས་པ་མང་ཤོས་བྱུང་ཡོད་པ་རེད། དེ་སྔོན་གྱི་འགྲན་སྡུར་ཐེངས་༡༤ ཁྲོད་ནས་མང་ཤོས་ལ་མི་༦ དང་ཐེངས་༤ ལ་འཛུལ་ཞུགས་པ་༡ ལས་མེད་པའི་གནས་སྟངས་བྱུང་ཡོད་འདུག

ད་ཐེངས་ཀྱི་འཛུལ་ཞུགས་པ་རྣམས་ནི། ལྡི་ལི་ནས་ཡིན་པའི་འཆི་མེད་སྐྱིད་འཛོམས་དང་། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནས་ཡིན་པའི་མིག་དམར་སྒྲོལ་མ། ཡོ་རོབ་ཨོ་སི་ཊུ་རི་ཡ་ནས་ཡིན་པའི་གསལ་སྒྲོན། བྷེང་ལོར་ནས་ཡིན་པའི་བསྟན་འཛིན་མཁས་ཆོས། ཅོན་ཏ་ར་ནས་ཡིན་པའི་བསྟན་འཛིན་ནོར་སྒྲོན། མ་ན་ལེ་ནས་ཡིན་པའི་བསྟན་འཛིན་ནོར་འཛོམས། ཀོ་ལི་གྷལ་ནས་ཡིན་པའི་བསྟན་འཛིན་དཔལ་སྒྲོན། བྷེལ་ཀོབ་ནས་ཡིན་པའི་བསྟན་འཛིན་དབྱངས་སྐྱིད་དང་བསྟན་འཛིན་ཡེ་ཤེས་བཅས་རེད་འདུག

དེ་ཡང་ཕྱི་ཟླ་༦ པའི་ཚེས་༢ ཀྱི་ཉིན་རྒྱབ་རྐྱལ་གོས་དང་གཟུགས་བྱད་འགྲན་སྡུར་བྱས་པ་དང་། ཚེས་༣ ཉིན་གཏམ་བཤད་དང་སྒྱུ་རྩལ་ལས་རིགས་འགྲན་སྡུར་སྐབས། གཞས་གཏོང་མཁན་དང་དེང་དུས་ཀྱི་ཞབས་བྲོ་འཁྲབ་པ་སོགས་བྱས་ཡོད་པ་རེད།
ཕྱི་ཚེས་༤ དགོང་མོ་ཕྱི་ལུགས་ཀྱི་གྱོན་ཆས། ཐུན་མིན་བོད་ཀྱི་ཆས་གོས། གཟུ་དཔང་བའི་བཅར་འདྲི་ལ་ལན་འདེབས་བཅས་བྱས་ཏེ། མཇུག་བསྒྲིལ་ཡོད་པ་རེད།

ལོ་ལྟར་མཛངས་མ་འགྲན་སྡུར་ནང་ཨང་དང་པོ་སོན་མཁན་ལ་ཧིན་སྒོར་༡༠༠༠༠༠ དང་། ཨང་གཉིས་པར་ཧིན་སྒོར་༥༠༠༠༠། གསུམ་པར་ཧིན་སྒོར་༢༥༠༠༠ བཅས་བྱ་དགའ་སྤྲོད་ཀྱི་ཡོད་པ་ལྟར་ཐེངས་འདི་ལ་ཡང་དེ་ལྟར་འབུལ་རྒྱུ་རེད། འདི་ལོར་ཨང་རིམ་དང་པོའི་བྱ་དགའི་སྦྱིན་བདག་ནི་ཐའེ་ཝན་གནས་སྡོད་བསྟན་འཛིན་ཅ་ལི་དང་། བྱ་དགའ་ཨང་གཉིས་པའི་སྦྱིན་བདག་ནི་ཨ་རི་ཀ་ལི་ཧྥོ་ནི་ཡར་གནས་སྡོད་བསྟན་པ་རྡོ་རྗེ་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༡༠༡༡ ཀློག་གྲངས།