ས་དགེ་བཀའ་རྙིང་ཇོ་ནང་བཅས་ན་ལེནྡྲའི་ཆོས་བརྒྱུད་གཅིག་གྱུར་ཡིན།

དེ་ཡང་ཟླ་འདིའི་ཚེས་༢༧ ཉིན་བོད་གཞིས་བྱེས་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་ཐུན་མོང་དང་།  དྷ་སའི་ས་གནས་འཐུས་ཚོགས། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་བཅས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སེར་སྐྱ་མི་མང་ཡོངས་ནས། དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ནང། ཇོ་ནང་བསྟན་པའི་མངའ་བདག་སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་དབུ་བཞུགས་ཀྱིས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་བླ་མ་མཆོད་པའི་ཆོ་ག་དགེ་ལེགས་རབ་རྒྱས་ཀྱི་སྟེང་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང།
longlive jongang 1

སྐབས་དེར་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་དབུས། ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེ་དང་རྡོ་རྗེ་སློབ་དཔོན། འབྲེལ་ཡོད་བླ་སྤྲུལ་དང་མཁན་ལས་ཟུར། དེ་བཞིན་དྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་དང། ཕྱོགས་མཐའ་ནས་ཕེབས་པའི་དགེ་འདུན་པ་དང་བཙུན་མ་གྲངས་༢༠༠༠ ལྷག་ཙམ་དང། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་རྣམ་པ་དང། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་དྷ་སར་རྒྱུན་བཞུགས་སྤྱི་འཐུས་ཁག་ཅིག། དེ་བཞིན་སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ། འབྲེལ་ཡོད་སྲི་ཞུ་བ། དྷ་སའི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་༣༠༠༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད།

བརྟན་བཞུགས་ལེགས་པར་གྲུབ་མཚམས་སུ་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན་དུ། བོད་གཞིས་བྱེས་ཇོ་ནང་པའི་ཆོས་བརྒྱུད་འཛིན་མཁན་ཐུན་མོང་དང་དྷ་སའི་བཙན་བྱོལ་སྒྲིག་འཛུགས་ཁག་གི་མི་སྣ་ཚོ་བཅས། ཚང་མས་ཐུན་མོང་གི་ཐོག་ནས་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཟེར་ནས་ཞུ་ཡི་ཡོད། བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཚོས། རང་རང་གི་ཉམས་མྱོང་དང་རྣམ་དཔྱོད་ཀྱི་རྩལ་ལས། ཕྲན་བུ་ཕྲན་བུ་གསུང་སྟངས་འདྲ་མི་འདྲ་དང། གཞུང་གི་གོ་བ་ལེན་སྟངས་འདྲ་མི་འདྲ་ཡོང་བསྡད་ཀྱི་ཡོད་རེད་ལ། རྒྱ་གར་མཁས་པའི་གཞུང་ནའང་ཡོང་བསྡད་ཡོད་རེད། མདོ་དོན་སྙིང་པོ་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཚང་མ་དཔལ་ན་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་གྱུར་ཡིན་པ་གསལ་པོ་རེད།
སྔོན་མ་ཇོ་ནང་གིས་བརྟན་བཞུགས་ཤིག་ཕུལ་པའི་སྐབས་སུ་ཚིག་གཅིག་ངའི་བློ་ལ་ཞེ་དྲག་ཟུག་སོང། ཚིག་དེ་ཚུར་བཤུས་ནས་མཚམས་མཚམས་ཀློག་གི་ཡོད། དེ་ཡང། སྒྱུ་མའི་རང་སྣང་རྗེན་ནེ་ནེ།། གཏད་མེད་རིག་པ་གསལ་ལ་ལ།། བརྗོད་མེད་དབྱིངས་སུ་ཐལ་ལ་ལ།། བདེ་བ་ཆེན་པོ་ཁྲིལ་ལི་ལི།། གསུང་བསྡད་པ་དེས་ས་དགེ་བཀའ་རྙིང་ཡོངས་སུ་རྫོགས་པའི་ཉམས་ལེན་མཐིལ་དེ་དེའི་ནང་བསྡུས་ཀྱི་ཡོད་རེད། ཚང་མ་གཅིག་པ་རེད། ཚིག་གི་བརྡར་ཤ་བཅད་ཡོང་པའི་སྐབས་རང་སྟོང་དང་གཞན་སྟོང། ཀུན་རྫོབ་རང་སྟོང། དོན་དམ་གཞན་སྟོང་སོགས་ཚིག་འདྲ་མི་འདྲ་མང་པོ་ཞེ་དྲག་ཡོད་རེད། སྙིང་པོ་དེ་སེམས་འདུལ་ཐབས་ལ་གཅིག་གྱུར་འགྲོ་དགོས་རྒྱུ་གཅིག་དང། ལྟ་བ་རྣམས་བསྒོམས་པའི་འབྲས་བུ་དེ་ཕྱིའི་སྣོད་ཀྱི་བཀོད་པ་འདི་ཐམས་བཅད། སྒྱུ་མའི་རང་སྣང་རྗེན་ནེ་ནེ་ཟེར་བ་བཞིན་དེ་དག་སྒྱུ་མ་ལྟ་བུ་མཐོང་ཐུབ་རྒྱུ་སོགས། ཤོ་ལོ་ཀ་གཅིག་དེ་ལ་བསམ་བློ་བཏང་བ་ཡིན་ན། དཔལ་ན་ལེནྡྲའི་ཆོས་བརྒྱུད་ཀྱི་འཇོག་ས་ལྟ་བུ་རང་སེམས་འདུལ་རྒྱུ་དེ་ཡིན་པ་རེད། རང་སེམས་འདུལ་ཟེར་བ་དེའང་སྨོན་ལམ་བརྒྱབ་ནས་ཡོང་གི་མ་རེད། ཆོས་རབ་ཏུ་རྣམ་པ་འབྱེད་པའི་ཤེས་རབ་ཀྱི་རྩལ་ལས་ཐོན་དགོས་པ་རེད་ཅེས་གསུངས་སོང།

ཁོང་གིས་མུ་མཐུད་ནས་དྷ་སའི་མི་མང་ལ། དྷ་རམ་ས་ལའི་མི་མང་སྤྱིའི་ཐོག་ནས་ཞུས་པ་ཡིན་ན། འདས་པའི་ལོ་དེ་དག་གི་རིང་ལ་བཞུགས་སྒར་གྱི་མི་མང་ཆགས་ནས་བསྡད་ཡོད་རེད་ལ། ཁྱེད་རང་ཚོ་དངོས་གནས་བོད་སྤྱི་པའི་དོན་དག་ལ་སེམས་འཁུར་ལེན་རྒྱུ་རེད། དེ་བཞིན་ང་ཚོ་ཚང་མ་དད་པ་དམ་ཚིག་གཡོ་བ་མེད་པ་ཡིན། དེར་བརྟེན་ཚང་མས་བརྟན་བཞུགས་ཕུལ་པ་རེད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང།

ཁོང་གིས་མུ་མཐུད་སྐྱེ་རྒུའི་ས་ཡོམ་སྐོར་གསུང་དོན། ཕྱི་དྲོ་སྐྱེ་རྒུ་མདོར་ས་ཡོམ་ཚབས་ཆེན་ཞིག་བྱུང་ཡོད་པར་བསྔོ་བ་སྨོན་ལམ་གནང་རྒྱུ་དང། ས་ཡོམ་དེའི་རྐྱེན་གྱིས། མི་མང་པོ་ཞེ་དྲག་འདས་གྲོངས་སུ་ཕྱིན་བསྡད་ཡོད་རེད། མི་མང་པོ་ཞིག་གི་སོ་སོའི་ཕ་མ་དང་སྤུན་མཆེད། གཉེན་ཉེ་འཁོར་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ནས། སེམས་སུ་སྐྱོ་སྣང་ཏན་ཏན་ཡོང་གི་རེད། གཙོ་བོ་ནི་སྤྱོད་འཇུག་ནང་གསུངས་ཡོད་པ་བཞིན། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགའ་བྱ་ཅི་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། གསུངས་པ་བཞིན་གྲོངས་ཟིན་པ་དེ་སོ་སོའི་ལས་དབང་གིས་གྲོངས་པ་རེད་བཟློག་ཏུ་ཡོད་མ་རེད། མ་འོངས་པར་ང་ཚོས་ལས་དབང་གི་སྐད་ཆ་ཤོད་རྒྱུ་མ་རེད། ལས་ལ་གོ་བ་མ་ཆགས་མཁན་ཚོས་ལས་ཟེར་དུས་ལག་པ་འཕྱི་སའི་བཟོ་འདྲ་པོ་མཐོང་སྡོད་ཀྱི་འདུག འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོའི་འཇིག་རྟེན་བཀོད་པ་པོའི་བཟོ་འདྲ་པོ། སྔར་བྱུང་ཟིན་པ་དེ་ལས་ཀྱིས་བྱས་པ་རེད་ཟེར་བ་དང། མ་འོངས་པ་ཡིན་ནའང་ལས་ཀྱིས་གང་དུ་བཞག་བཞག་རེད་ལབ་བསྡད་པ་དེ། འཇིག་རྟེན་བཀོད་པ་པོའི་ལྟ་ཚུལ་ནང་བཞིན་ཆགས་བསྡད་ཡོད་རེད་ཅེས་དང། དེ་རིང་འདིར་འདས་གསོན་ཚོའི་ཆེད་དུ་སྨོན་ལམ་རྒྱག་རྒྱུ་དང། ཞོར་ལ་བོད་ནང་ལ་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་ཚོས་སེམས་ཤུགས་མ་ཆག་པ་གྱིས། ཕྱོགས་གཅིག་ནས་འཚམས་འདྲི་བྱེད་རྒྱུ་དང་སེམས་གསོ་བྱེད་རྒྱུ་ཡིན། བོད་ཀྱི་ས་ཁུལ་གང་ས་ནས་ཞལ་འདེབས་སྤྲོད་རྒྱུ་དང། ས་གནས་ས་ཐོག་གི་གཡས་གཡོན་གྱི་དགོན་པ་མང་པོ་ཞིག་གི་དགེ་འདུན་པ་མང་པོ་ཞེ་དྲག་སླེབས་ནས། ཧུར་ཐག་འབད་ཐག་གིས་རོགས་སྐྱོར་བྱས་འདུག ཞེ་དྲག་དགའ་པོ་བྱུང། ང་ཚོ་ལས་རྒྱུ་འབྲས་ཁས་ལེན་མཁན་ནང་པ་ཞིག་ཡིན་པའི་ཆ་ནས། དངུལ་ཞལ་འདེབས་སྒོར་མོ་གཅིག་ཡིན་ནའང་སེམས་པ་རྣམ་པར་དག་པའི་སྒོ་ནས་ཞལ་འདེབས་རྒྱག་དགོས་ཞེས་སོགས་བཀའ་སློབ་ཟབ་རྒྱས་བསྩལ་སོང།།

Share this:
༧༠ ཀློག་གྲངས།