རྒྱ་གར་མི་སེར་གྱི་ཆེས་མཐོའི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་དགོས་པའི་སྙན་ཞུ།

རྒྱ་གར་མི་སེར་གྱི་ཆེས་མཐོའི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་བ་བརྒྱུད་རྒྱ་ནག་ལ་བརྡ་ལན་དྲག་པོ་ཞིག་འཕྲོད་ཀྱི་ཡོད་སྐོར་ཨ་རུ་ན་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཡིག་ཉི་མ་སེང་གེས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༡ ཉིན་རྒྱ་གར་ཨ་རུ་ན་ཅལ་དུས་བབ་ཞེས་པའི་གསར་གནས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༩ ཉིན་ཨ་རུ་ན་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྷི་ཤོ་ཀ་བྷག་དང་། དྲུང་ཡིག་ཉི་མ་སེང་གེ་གཉིས་ཀྱིས། སྤྱིར་འགྲོ་བ་མིའི་རིགས་དང་། ཡང་སྒོས་རྒྱ་གར་གྱི་ཐོག་༧གོང་ས་མཆོག་ནས་ཞབས་ཞུའི་མཛད་བཟང་རྒྱ་ཆེན་པོ་གནང་ཡོད་སྟབས། རྒྱ་གར་མི་སེར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་ར་ཏི་ན་(Bharat Ratna) ཞེས་པ་དེ་༧གོང་ས་མཆོག་ལ་ཕུལ་དགོས་པའི་སྙན་ཞུ་ཞིག་རྒྱ་གར་དབུས་གཞུང་ལ་ཕུལ་ཡོད་འདུག
རྒྱ་གར་དབུས་གཞུང་བྱང་ཤར་ས་ཁུལ་གྱི་ཡར་རྒྱས་ལས་དོན་ཁང་གི་བློན་ཆེན་རྗི་ཏེན་ཌ་ར་ལ་སྙན་ཞུ་དེ་ཕུལ་ནས་ཆེས་མཐོའི་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་དགོས་སྐོར་དང་བོད་དོན་བཅས་ཀྱི་སྐོར་ལ་གོ་བསྡུར་བྱས་ཡོད་འདུག
ཨ་རུ་ན་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཡིག་ཉི་མ་སེང་གེས་“༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་སྙིང་རྗེ་དང་། ཞི་བདེ། འཚེ་མེད་ཞི་བའི་བསླབ་བྱ་རྣམས་འཛམ་གླིང་ཡོངས་ཁྱབ་ཏུ་སྤེལ་བ་ང་ཚོའི་རྒྱལ་ཁབ་ཀྱི་གཞི་རྩའི་ལྟ་གྲུབ་དང་མཐུན་གྱི་ཡོད་པས་དེ་ནམ་ཡང་སྣང་མེད་གཏོང་ཐུབ་པ་མ་རེད་”ཅེས་དང་། དེ་བཞིན་ཁོང་གིས་༧གོང་ས་མཆོག་གིས་རྒྱ་གར་གྱི་འཕྲོད་བསྟེན་དང་ཤེས་ཡོན་གྱི་ཐོག་ལ་ཞལ་འདེབས་རྒྱ་ཆེན་པོ་གནང་ཡོད་པས་རྒྱ་གར་གྱི་ཆེས་མཐོའི་མི་སེར་གྱི་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་རྒྱུ་ནི་འོས་འཚམས་ཡིན་སྐོར་དང་། ཡང་ཁོང་གིས་༧གོང་ས་མཆོག་ལ་གཟེངས་རྟགས་དེ་ཕུལ་བ་ལ་བརྟེན་ནས་རྒྱ་ནག་ལ་ཡང་བརྡ་ལན་དྲག་པོ་ཤིག་འཕྲོད་ཀྱི་ཡོད་སྐོར་བརྗོད་འདུག ༧གོང་ས་མཆོག་ལ་ཆེས་མཐོའི་གཟེངས་རྟགས་འབུལ་དགོས་པའི་རེ་ཞུ་དེ་དབུས་གཞུང་གི་བློན་ཆེན་ནས་རྒྱ་གར་གྱི་སྲིད་བློན་ལ་ཞུ་རྒྱུའི་ཁས་ལེན་བྱས་ཡོད་སྐོར་ཡང་བརྗོད་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༥༤ ཀློག་གྲངས།