མདོ་ཁམས་ཆུ་བཞི་སྒང་དྲུག་གི་དུས་དྲན་སྲུང་བརྩི།

དྷ་སར་དུས་དྲན་སྲུང་བརྩི་སྐབས།

ཟླ་འདིའི་ཚེས་༡༦ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱབ་ངོས་ལྷ་རྒྱལ་རི་ལ་དྷ་ས་ཆུ་སྒང་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༩ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་འཚོགས་ཡོད་པ་རེད།
དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་གྱི་སྐུ་ཚབ་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་། དྷ་སར་གནས་སྡོད་སྤྱི་འཐུས་ཁག་ཅིག་དང་ཚོགས་པ་ཁག་གི་སྐུ་ཚབ། མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།
དབུས་ཆུ་སྒང་རྒྱུན་ལས་ཀྱི་དུས་དྲན་གསུང་བཤད་ནང་དུ། “ཕྱི་ལོ་༡༩༤༩ ལོ་ནས་དགྲ་བོ་རྒྱ་དམར་གྱིས་བོད་རྒྱལ་ཁབ་ཆེན་མོ་ལ་ཁྱད་གསོད་ཀྱིས་རྒྱལ་ཁོངས་སུ་བཙན་འཛུལ་བྱེད་འགོ་བཙུགས་ཡོད་པ་དང་། དེ་ནས་བཟུང་སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བུ་སྐྱེས་ཚད་དམག་ལ་ཆས་ཏེ། བོད་ཁ་བ་ཅན་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་མུ་མཐུད་གནས་ཐབས་ཆེད་ཁྲག་གི་རྒྱ་མཚོ་སྐྱིལ་བ་དང་། རུས་པའི་སྲས་མཁར་བཙུགས་ནས་དགྲ་བོ་ལ་ཕར་རྒོལ་དྲག་པོ་བཟོས་ཡོད།” ཅེས་དང་།  “སྤྱི་འཐུས་ལྷན་ཚོགས་ཀྱིས་ཆུ་སྒང་ལྔ་བཅུའི་དུས་དྲན་ལ་ཕེབས་པའི་གསུང་འཕྲིན་དུ། ཐོག་མ་ཉིད་ནས་བོད་གཞུང་གི་དམག་མི་དང་། ས་གནས་མི་མང་བཅས་ནས་ཆིག་སྒྲིལ་གྱིས་རྒྱ་དམར་ལ་གདོང་ལེན་བྱས་ཡོད་ན་གནས་སྟངས་མི་འདྲ་བ་ཞིག་བྱུང་ངེས་པའི་འགྱོད་སེམས་ནས་བསླབ་བྱ་ལེན་ཐུབ་པ་ཞིག་ཡིན་ཞེས་པ་ལྟར་ཆེས་ཛ་དྲག་ཆེ་བའི་དུས་སྐབས་དེར་བུ་སུས་བཟང་དང་། རྟ་སུས་མགྱོགས་ཙམ་ལས་གཞུང་དམག་གི་རྒྱབ་སྣོན་མེད་པ་མ་ཟད། ལུང་ཚན་ཕན་ཚུན་དུའང་དགྲ་བྱུང་ན་གྲི་སོ་མཉམ་བསྟན་གྱི་མཉམ་འབྲེལ་བྱེད་མ་ཐུབ་པ་སོགས་ཀྱིས་དགྲ་བོ་ལ་འགོག་རྒོལ་ཐུབ་རེ་ཟད་པ་རེད། ཡིན་ནའང་ཕྱི་ལོ་༡༩༥༨ ཟླ་༢ ཚེས་༡༨ ཉིན་སྦྱིན་བདག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་མདོ་ཁམས་ཡུལ་གྱི་གནད་ཡོད་མི་སྣ་བཞི་ཅུ་ཐམ་པ་རྒྱལ་ས་ལྷ་ས་རུ་ཨ་འབྲུག་ཚང་གི་མཆོད་ཁང་ན་གསང་སྟབས་ཀྱིས་འཛོམས་ཏེ། བོད་རང་དབང་རང་བཙན་གྱི་བདག་དབང་སྲུང་སྐྱོབ་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་གསར་འཛུགས་ཀྱིས་དགྲ་བོ་ལ་རྒོལ་ལན་བསློག་རྒྱུའི་མནའ་གན་ཐུ་མོ་ཆེ་བཞག་པ་རེད། ཕྱི་ལོ་༡༩༥༨ ཟླ་༦ ཚེས་༡༦ ཉིན་དཔལ་མགོན་པོ་ནག་པོའི་བླ་མཚོ་ལྕགས་ཚ་གྲི་གུ་མཚོ་ཁའི་ཐང་ཆེན་བཀྲ་ཤིས་མཐོང་སྨོན་གླིང་དུ་དཔའ་རྒོད་ཚོས་གཤིན་རྗེ་དྲག་ཏུ་ཁྲོས་པ་ལྟ་བུའི་རྔམ་བརྗིད་ངོམས་ནས། བཙན་པོའི་རྟ་དམག་གི་སྙིང་སྟོབས་དང་ཟིལ་ཤུགས་སླར་གསོ་བྱས་ཏེ་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དངོས་སུ་དབུ་བརྙེས་པར་བྱས་ཡོད།”ཅེས་རྒྱ་རྒོལ་རིམ་པ་བྱས་པའི་བརྒྱུད་རིམ་མདོར་བསྡུས་འཁོད་ཡོད་པ་རེད།

བོད་མི་བཙན་བྱོལ་དུ་ཡོང་རྗེས་ཀྱི་ཆུ་སྒང་གནས་སྟངས་སྐོར་འཁོད་དོན། “རང་དབང་ཡུལ་དུ་འབྱོར་ནས་ཀྱང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མགོ་དམངས་རྣམ་པ་ས་གང་སྐྱིད་དང་། ཉི་མ་གང་དྲོར་བལྟས་ནས་མ་སོང་པ་མུ་མཐུད་དེ་གློ་དམག་སྒར་གསར་འཛུཊ་བྱས་ཤིང་། སྔ་ཕྱིར་དགྲ་བོ་ལ་འཐབ་རྒོལ་རིམ་པར་བྱས་པའི་དངོས་ཡོད་ལོ་རྒྱུས་མང་པོ་ཞིག་དེང་སང་དབྱིན་ཡིག་དང་རྒྱ་ཡིག་གི་ནང་དུའང་ཐོན་བཞིན་ཡོད་པ་རེད། ད་བར་༸གོང་ས་མཆོག་གི་ཐུགས་བསྐྱེད་ཉི་མའི་འོད་སྣང་དང་མ་འབྲལ་བ། རང་འགན་རང་ཁུར་གྱིས་བོད་མིའི་སྒྲིག་འཛུཊ་ཀྱི་དབུ་འོག་དཔུང་འདེགས་སུ་རྩ་ཆེའི་སྒྲིག་འཛུཊ་འདིའི་ངོ་བོ་མ་བརླག་པའི་ཐོག་ནས་མཇུག་སྐྱོང་དང་། འདི་ལོར་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གྲོས་ཚོཊ་འཐུས་མི། དེ་བཞིན་གནད་ཡོད་མི་སྣ་ཚོར་དོན་ཚན་བརྒྱད་ཀྱི་བོད་དོན་ཞུ་གཏུག་གི་ལས་འགུལ་དོན་སྨིན་ལྡན་པ་སྤེལ་ཡོད་པས་མཚོན་རྒྱུན་དུ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཆེད་ལས་འགུལ་སྤེལ་མུས་སུ་ཡོད།”ཅེས་འཁོད་ཡོད་པ་རེད།

ཆུ་སྒང་དུས་དྲན་གཏམ་བཤད་ནང་མུ་མཐུད་འཁོད་དོན། “ལྷག་པར་དུ་དགྲ་བོ་རྒྱ་ནག་གིས་བོད་ས་བཙན་འཕྲོག་བྱས་ནས་ད་བར་བོད་ཡུལ་རྒྱ་ཡུལ་དང་། བོད་ཡིག་རྒྱ་ཡིག བོད་སྐད་རྒྱ་སྐད། བོད་མི་རྒྱ་མི་རུ་བསྒྱུར་རྒྱུ་བཅས། མདོར་ན་བོད་ཅེས་པ་འདི་འཛམ་བུ་གླིང་ནས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འོག ད་ལྟའང་གཞིས་བཞུཊ་སྤུན་ཟླ་ཚོས་བཙོན་འཇུག་དང་། རྡུང་རྡེག་གི་མནར་གཅོད་སྣ་མང་ཞིག་མྱོང་བཞིན་ཡོད་པས་མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་གཙོས་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང་། སྐྱེ་བོ་ཚོས་བོད་ཀྱི་དཀའ་སྡུག་འདིའང་འཛམ་བུ་གླིང་གི་ས་ཁྲའི་ནང་ནས་མི་རིཊ་ཤིག་གིས་མྱོང་བཞིན་ཡོད་པ་ངོས་འཛིན་ཐུབ་དགོས་ལ། བོད་རྒྱའི་དཀའ་རྙོག་འདི་ཉིད་གཙང་སེལ་དགོས་ན་ད་ལྟའི་བོད་ནང་གི་དཀའ་སྡུག་འདི་དག་དཔེར་མཚོན་དུ་བཟུང་ནས་འདས་པའི་མི་ལོ་ ༥༨ རིང་གི་བྱུང་རབས་ལ་དཔྱད་ཞིབ་ཐོག བོད་དོན་བདེན་མཐའ་གསལ་བར་རྒྱབ་སྐྱོར་གནང་རོཊ་ཞེས་པའི་འབོད་སྐུལ་ཞུ་བཞིན་ཡོད།“ཅེས་འཁོད་འདུག

ལྡི་ལིར་དབུས་ཆུ་བཞི་སྒང་དྲུག་གི་དུས་དྲན་སྐབས།

བོད་ནང་གི་ཛ་དྲག་གནས་བབས་དང་འབྲེལ་ནས་འཁོད་དོན། “ཞི་ཅིང་ཕིན་གྱིས་སྣེ་ཁྲིད་པའི་རྒྱ་གཞུང་གི་དྲང་བདེན་མེད་པའི་སྲིད་བྱུས་འོག བོད་མི་ཚོས་རང་ལུས་མེར་སྲེག་གིས་མཚོན། ཛ་དྲག་གི་ངོ་རྒོལ་རྒྱུན་མ་ཆད་པ་སྤེལ་བཞིན་པའི་དོན་རྐྱེན་གཙོ་བོ་ནི། གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་བྱེད་བཞིན་པས་མཚོན་བོད་ས་ཁྱོན་ཡོངས་ན་ཆོས་དད་རང་མོས་མི་སྤྲད་པ། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་ཉེས་མེད་མི་སྣ་མང་པོ་ཞིག་གང་བྱུང་འཇུ་བཟུང་དང་། བཙོན་འཇུག་གིས་མནར་གཅོད་གཏོང་བཞིན་པ། རང་བྱུང་གཏེར་ཁ་སྔོག་འདོན་དང་། གཙང་པོའི་ཁ་ལོ་བསྒྱུར་བ། ཤིང་ནགས་གཅོད་འབྲེག་གིས་མཚོན་པའི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བཞིན་པ། བོད་སྐད་བོད་ཡིག་ཅན་གྱི་སློབ་གྲྭ་སྒོ་རྒྱག་པས་མཚོན་བོད་ཡིག་ལ་ཁོར་ཡུག་དང་མདུན་ལམ་མེད་པ་བྱེད་བཞིན་པ། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ནས་བོད་མི་རྩ་མེད་བཟོ་རྒྱུའི་བྱུས་ངན་སྤེལ་བཞིན་པ་སོགས་ཀྱིས་ཡིན་པས་དེ་དག་འཕྲལ་དུ་མཚམས་འཇོག་གིས་གང་མགྱོགས་བོད་རྒྱ་ཞི་མོལ་གྱི་ལམ་ནས་རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་དགོས་པ་རེད་ཅེས་ནན་བརྗོད་བྱ་རྒྱུ་ཡིན།”ཞེས་འཁོད་ཡོད་པ་རེད།

སྤྱི་འཐུས་རྒྱུན་ལས་ཀྱི་གཏམ་བཤད་ནང་འཁོད་དོན། “སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིེད་དང་། མི་རིགས། རང་དབང་བཅས་ཀྱི་ཆེད་དཔའ་ངར་ཞུམ་མེད་ཀྱིས་དགྲ་བོར་ཕར་རྒོལ་ཡ་ལན་འཆར་སྒྲིག་སྔ་རྗེས་རིམ་པར་བཤམས་ཏེ། ཁ་གཏད་གདོང་ལེན་གྱི་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་བསྟན་སྲིད་ཀྱི་བདེ་ཐབས་སླད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་མཐུ་མེད་བྱུང་སྐབས་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་རླབས་པོ་ཆེ་བསྒྲུབས་ཡོད་པ་བཅས་ལ་ད་རེས་ཀྱི་གོ་སྐབས་འདིར་བཀའ་དྲིན་རྗེས་དྲན་དང་སྦྲགས་གུས་འདུད་ཞུ་རྒྱུ་ཡིན།”ཞེས་དང་།
“ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་དུ་གྱར་ནས་མི་ལོ་༥༨ ལྷག་སོང་ཟིན་ཀྱང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་ངོ་བོ་ཆ་ཙམ་ཡང་མ་ཉམས་པར་གནས་བཞིན་ཡོད་པ་ལྟར་ཇི་སྲིད་བོད་མིའི་བདེན་མཐའ་མ་གསལ་བར་དེ་སྲིད་དུ་བོད་དོན་རྩོད་ལེན་བྱ་རྒྱུ་དེ་ནམ་ཡང་མཚམས་འཇོག་མི་བྱེད་པའི་དམ་བཅའ་བརྟན་པོར་གནས་ཡོད་པ་ནི། བོད་གཞིས་བྱེས་གཉིས་ནང་རྒྱལ་གཅེས་བོད་མི་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་གི་རྩ་ཆེའི་ལུས་སྲོག་བློས་བཏང་གིས་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་དང་སྤེལ་བཞིན་པ་འདི་དག་གིས་གསལ་པོ་མཚོན་གྱི་ཡོད།”ཅེས་འཁོད་འདུག

ལྡི་ལིར་དབུས་ཆུ་བཞི་སྒང་དྲུག་གི་དུས་དྲན་སྐབས།

སྤྱི་འཐུས་རྒྱུན་ལས་ཀྱི་གཏམ་བཤད་ནང་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་དང་འབྲེལ་ནས་འཁོད་དོན། “ཚོགས་པ་འདིའི་དབུ་ལས་ཚོགས་མི་ཡོངས་ཀྱིས་སྒྲིག་འཛུགས་འདིའི་འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རླབས་པོ་ཆེ་རྣམས་ཡིད་ལ་དྲན་བཞིན་སྒྲིག་འཛུགས་འདི་ཉིད་སྲ་བརྟན་ཕུགས་འཕེར་ངང་གནས་ཏེ་བོད་མིའི། རྩ་དོན་འཐབ་རྩོད་གཙོ་གྱུར་ཐོག་ཚོགས་པའི་བྱ་གཞག་བཟང་པོ་གང་ཅིར་ལྷོད་གཡེང་དུ་མ་སོང་བའི་ཕྱོགས་ཚང་མ་ནས་སྔར་ལྷག་འབད་བརྩོན་གནང་རྒྱུ་གནད་ཀྱི་སྙིང་པོར་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན་ཞེས་བོད་མི་རྣམས་མང་གཙོའི་ལམ་བཟང་ཐོག་འཁྲིད་གནང་མཛད་ཅིང་། ད་ཆ་མང་ཚོགས་ལ་མང་གཙོ་ཆ་ཚང་གསོལ་རས་བཀའ་དྲིན་བསྩལ་བ་འདི་དག་ཇི་སྲིད་བར་མཐའ་སྐྱེལ་བྱ་རྒྱུར་སྙིང་སྟོབས་ཞུམ་པ་མེད་པ་ཞིག་དགོས་པ་ཤིན་ཏུ་ནས་གལ་ཆེ་ཡིན་པ་ལྟར། ཆུ་སྒང་སྒྲིག་འཛུགས་འདི་ཡང་སྲ་བརྟན་ཕུགས་འཕེར་དང་། མང་གཙོའི་ངོ་བོ་ཚད་དང་ལྡན་པ་བཅས་འབྱུང་ཕྱིར་ཚོགས་པ་དེབ་སྐྱེལ་གནང་ཡོད་པ་མ་ཟད། ཆུ་སྒང་ཚོགས་པ་སྤྱི་ཡོངས་དང་། རྒྱུན་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་། དངུལ་རྩིས་སྟངས་འཛིན་བྱེད་ཕྱོགས་བཅས་ཀྱི་སྒྲིག་གཞི་ཁག་གཏན་འབེབས་ཀྱིས་གང་ཟག་གི་དབང་སྒྱུར་ལ་གཙོ་བོར་མི་བརྟེན་པར་ཁྲིམས་ཀྱིས་དབང་སྒྱུར་ཐོག་ནས་མང་གཙོ་ཡང་དག་པའི་ལམ་ཕྱོགས་སུ་བསྐྱོད་བཞིན་པ་དང་། བྱེ་བྲག་ཏུ་སྒྲིག་འཛུགས་ཀྱི་མི་རབས་རྒན་པ་དང་། འཁོས་ཞན་རྣམས་ལ་ལེགས་གསོལ་དང་འཚོ་སྣོན། མ་འོངས་བོད་དོན་འཐབ་རྩོད་དང་། བོད་གསར་འཛུགས་སྐྲུན་གྱི་སོན་རྩ་རྣམས་ལ་སློབ་ཡོན་གྱི་མཐུན་འགྱུར་གནང་དང་གནང་བཞིན་པ་སོགས་སྒྲིག་འཛུགས་རང་ཉིད་ཀྱི་ཁྱབ་ཁོངས་ཚོར་ཕན་ཐོགས་ཙམ་དུ་མ་ཟད། བོད་མིའི་སྒྲིག་འཛུགས་སྤྱི་ལའང་དཔུང་འདེགས་སུ་འགྲོ་བའི་བྱ་བཞག་བཟང་པོ་འདི་དག་ལ་ད་རེས་དུས་དྲན་མཛད་སྒོ་འདི་དང་བསྟུན་ནས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ད་དུང་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུའི་ཆོད་སེམས་བརྟན་པོ་དང་སྔར་ལྷག་འབད་བརྩོན་གནང་འོས་སུ་གལ་ཆེར་མཐོང་ཞེས་”འཁོད་ཡོད་པ་རེད། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱི་གཏམ་བཤད་ནང་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཡིན་པ་དང་། ཆུ་སྒང་རྒྱུན་ལས་རྣམས་ཀྱིས་ལས་དོན་འཐུས་ཤོར་མེད་པ་བྱེད་དགོས་སྐོར་སོགས་འཁོད་ཡོད་པ་རེད།

ཆུ་བཞི་སྒང་དྲུག་བརྟན་སྲུང་དང་བླངས་དབུ་བརྙེས་པའི་དུས་དྲན་ནི་རྒྱ་གར་དང་ཕྱི་རྒྱལ་ཁག་གི་ཆུ་སྒང་ས་གནས་རྒྱུན་ལས་ཡོད་ས་ཚང་མར་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༥༣༥ ཀློག་གྲངས།