ནིའུ་ཡོག་གི་རྒྱལ་ཚོགས་མདུན་ཐང་དུ་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ།

ཟླ་འདིའི་ཚེས་༡༦ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་༥༩ འཁོར་བའི་དུས་དྲན་ཉིན་མོ་དང་བསྟུན། ཨ་རི་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ། ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཀྱི་གོ་སྒྲིག་འོག རྒྱ་ནག་གིས་བོད་དབང་བསྒྱུར་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

ཟས་བཅད་ངོ་རྒོལ་ལས་འགུལ་ནང་མི་བཅུ་གྲངས་ཤིག་མཉམ་ཞུགས་བྱས་ཡོད་པ་དང་། ནིའུ་ཡོག་ས་གནས་ཆུ་སྒང་ས་རྒྱུན་བསོད་ནམས་བཟང་པོས་འབྲེལ་བརྗོད་གནང་དོན། “སྤྱིར་བཏང་ལོ་ལྟར་སྔོན་གཤེགས་རྒྱལ་གཅེས་དཔའ་བོ་ཚོར་རྗེས་དྲན་སྲུང་བརྩི་འཛམ་གླིང་ས་ཕྱོགས་གང་སར་ཉིན་བརྒྱ་དུས་གཅིག་ཏུ་བྱེད་ཀྱི་ཡོད་པ་རེད།  ཡིན་ན་ཡང་འདི་ལོར་དམིགས་བསལ་ཆུ་སྒང་དུས་དྲན་དང་སྟབས་བསྟུན་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཟས་བཅད་ངོ་རྒོལ་ལས་འགུལ་འདི་སྔོན་གཤེགས་དཔའ་རྒོད་ཚོར་རྗེས་དྲན་ཞུ་སྟངས་དང་པོ་དེ་ཆགས་ཀྱི་ཡོད་”ཅེས་གསུངས་སོང་།

དེ་ཡང་བསོད་ནམས་བཟང་པོས་ལས་འགུལ་གལ་ཆེའི་སྐོར་གསུང་དོན། “སྒྲིག་འཛུགས་འདི་ནི་ཛ་དྲག་དང་གཉན་འཕྲང་སྐབས་བོད་གངས་ཅན་ལྗོངས་སུ་ཕྱི་ལོ་༡༩༥༨ ཟླ་༦ ཚེས་༡༦ ཉིན་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་འོག རྒྱལ་གཅེས་དཔའ་རྒོད་ཚོས་མི་རྒྱུ་ཟོག་གསུམ་དང་ཐ་ན་ཚེ་སྲོག་ཡན་ཆད་ཀྱིས་འགྲོ་སོང་བཏང་ནས་བཙུགས་པ་ལས། རང་དབང་ལུང་པར་ཅི་ཞིག་རག་པའི་ཆེད་དུ་བསམ་བློ་གཉིས་པ་འཁོར་ནས་ཚོགས་པ་གསར་འཛུགས་བྱས་བཞག་པ་ཞིག་གཏན་ནས་མིན། དེར་བརྟེན་བོད་རྒྱལ་ཁབས་དང་མི་རིགས་ཀྱི་རྩ་དོན་ཐོག ལ་རྒྱ་དང་སྤོབས་པ་སེམས་ཤུགས་དང་ལྷག་བསམ་ཡོད་མཁན་ཞིག་ཡིན་ན་འདས་པའི་དངོས་བྱུང་ལོ་རྒྱུས་ལ་འགན་ཁུར་དང་དྲན་གསོ་བྱེད་དགོས་པ་ཕྲག་ཏུ་བབ་པའི་འོས་འགན་ཞིག་རེད་ལ། དེར་བརྩིས་པའི་ཐོག་ནས་དེ་རིང་ལས་འགུལ་འདིའི་ནང་དུ་ཡང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ས་གནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས། ཨ་བོད་མཛའ་འབྲེལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། ལྷག་དཀར་ཚོགས་པ་བཅས་ཀྱི་སྐུ་ཚབ་མཉམ་ཞུགས་བྱས་སོང་། ཟས་བཅད་ངོ་རྒོལ་དང་མཉམ་དུ་དབྱིན་ཡིག་ཐོག་༧ གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཆེད་འཛུགས་བྱས་པའི་དངོས་བྱུང་བརྒྱུད་རིམ་སྙིང་བསྡུས་འཁོད་པའི་ཡིག་ཆ་གང་མང་འགྲེམས་སྤེལ་བྱེད་ཐུབ་པ་བཅས་མདོར་ན་ཐེངས་འདིའི་དུས་དྲན་སྲུང་བརྩི་དང་འགྲེལ་བའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཧ་ཅང་དོན་སྨིན་ལྡན་པ་བྱུང་སོང་”ཞེས་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།

 

Share this:
༢༨༠ ཀློག་གྲངས།