བཙན་གཡེམ་བྱས་རྗེས་མེ་འཁོར་ནས་གཡུགས་འདུག

རྒྱ་གར་བྷི་ཧཱར་མངའ་སྡེ་ནས་སྐྱེས་པ་ཁག་ཅིག་གིས་བུ་མོ་ལོ་༡༦ ཅན་ཞིག་ལ་མཉམ་དུ་བཙན་གཡེམ་བྱས་རྗེས་མེ་འཁོར་འགྲོ་བཞིན་པ་ཞིག་ནས་ཕྱི་རོལ་དུ་གཡུགས་འདུག

ཟླ་འདིའི་ཕྱི་ཚེས་༡༩ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༧ ཉིན་རྒྱ་གར་བྷི་ཧར་མངའ་སྡེའི་ནང་བུ་མོ་ལོ་༡༦ ཅན་ཞིག་ལ་སྐྱེས་པ་འགས་བཙན་གཡེམ་བྱས་རྗེས། མེ་འཁོར་འགྲོ་བཞིན་པ་ཞིག་ནས་ཕྱི་རོལ་དུ་གཡུགས་ཡོད་འདུག དེ་ཡང་བུ་མོ་དེས་རྒྱ་གར་ཉེན་རྟོག་པར་བརྗོད་པ་རྣམས་སྦི་སྦི་སི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཐོག་མར་སྐྱེས་པ་གཉིས་ཀྱིས་བུ་མོ་དེ་མོ་རང་གི་ཁྱིམ་དང་ཐག་ཉེ་ཞིང་མི་མེད་པའི་ས་ཆ་ཞིག་ཏུ་བཙན་ཁྲིད་བྱས་རྗེས། གདུག་རྩུབ་དྲག་པོའི་སྒོ་ནས་བཙན་གཡེམ་བྱས་ཡོད་པ་དང་། དེ་རྗེས་བུ་མོ་དེ་ཅཱན་ཆ་ཞེས་པའི་མེ་འཁོར་འབབ་ཚུགས་སུ་ཁྲིད་ནས་མེ་འཁོར་ནང་འཛུལ་རྗེས། སླར་ཡར་སྐྱེས་པ་གསུམ་མཉམ་དུ་བསྡོངས་ནས་བཙན་གཡེམ་བྱས་ཡོད་འདུག མེ་འཁོར་དེ་ཁཱིལ་ཞེས་པའི་ས་གནས་དང་ཉེ་སར་འགྲོ་བཞིན་པའི་སྐབས་སུ་བཙན་གཡེམ་བྱེད་མཁན་དག་གིས་བུ་མོ་དེ་མེ་འཁོར་གྱི་ཕྱི་རོལ་དུ་གཡུགས་ཡོད་འདུག

རྗེས་སུ་མི་ཁག་ཅིག་གིས་མེ་འཁོར་གྱི་ལམ་ཁ་ནས་བུ་མོ་དེ་མཐོང་སྐབས་ས་གནས་དེའི་སྨན་ཁང་དུ་འཁྱེར་ཡོད་པ་དང་། རིམ་པས་སྨན་ཁང་བརྗེ་པོ་བརྒྱབ་ནས་བྷི་ཧཱར་མངའ་སྡེའི་གྲོང་ཁྱེར་དུ་ཡོད་པའི་གཞུང་གི་སྨན་ཁང་ཞིག་ནས་སྨན་བཅོས་བྱེད་བཞིན་ཡོད་འདུག་ཀྱང་། བུ་མོ་དེར་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་འདུག

ཉེན་རྟོག་པ་རྒན་པ་ཨེ་སི་ཀེ་སིང་ཧཱལ་(SK Singhal)གྱིས་ཉུང་མཐར་ཡང་བཙན་གཡེམ་བྱེད་མཁན་གྱི་ཁྲོད་ནས་མི་གཉིས་ཀྱིས་བུ་མོ་དེ་ངོ་ཤེས་ཀྱི་ཡོད་པ་དང་། དེ་གཉིས་བུ་མོ་དེའི་སྡོད་ཡུལ་གྱི་ས་གནས་ནས་ཡིན་སྐོར་བརྗོད་ཡོད་འདུག་ཀྱང་། ད་བར་དོགས་ཡོད་མི་གཅིག་ལས་འཇུ་བཟུང་བྱ་ཐུབ་མི་འདུག

སྤྱིར་ཕྱི་ལོ་༢༠༡༢ ལོར་རྒྱ་གར་གྱི་ལྡི་ལི་རུ་སྤྱི་སྤྱོད་རླངས་འཁོར་ནང་སྐྱེས་པ་ཁག་ཅིག་གིས་བུ་མོ་ཞིག་བཙན་གཡེམ་བྱས་ཏེ་དམར་གསོད་བཏང་ནས་བཟུང་། འཁྲིག་སྤྱོད་དང་འབྲེལ་བའི་དྲག་སྤྱོད་ཀྱི་ལས་ལ་དོགས་པ་ཆེ་རུ་འགྲོ་བཞིན་ཡོད་འདུག་ལ། རྒྱ་གར་གྱི་ཡུལ་གྲུ་གང་ས་ནས་བུད་མེད་དང་ཕྲུ་གུ་ལ་འཁྲིག་སྤྱོད་དང་འབྲེལ་བའི་དྲག་རྡུང་བྱེད་བཞིན་ཡོད་པའི་གནས་ཚུལ་མུ་མཐུད་ནས་འབྱུང་མུས་ཡིན་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༤༤ ཀློག་གྲངས།