ཁོང་གྷོའི་དམག་འཁྲུག་ཁྲོད་མི་༣༣༠༠ ལས་མང་བའི་ཚེ་སྲོག་ཤོར།

གླིང་ཕྲན་ལྷོ་ཨ་ཧྥི་རི་ཀའི་ཁོང་གྷོ་མང་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀ་སའི་མངའ་ཁུལ་དུ། ལོ་སྔོན་མའི་ཟླ་༡༠ པ་ནས་ད་བར་མི་༣༣༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་སྐོར་ཁུལ་དེའི་ཡེ་ཤུའི་ཁེ་ཐོ་ལེག་ཆོས་ཁང་གིས་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༦ ལོའི་ཟླ་༨ པའི་ནང་ཨ་ཧྥི་རི་ཀའི་ཁོང་གྷོ་མང་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀ་སའི་མངའ་ཁུལ་དུ། ས་གནས་ཀྱི་འགོ་ཁྲིད་གཅིག་གཞུང་གི་དམག་མི་དང་འཐབ་འཛིང་བྱེད་སྐབས་ཚེ་སྲོག་ཤོར་རྗེས། ཁུལ་དེར་ཞི་བདེ་ལྷིང་འཇགས་མེད་པ་ཆགས་ནས། གྱེན་ལངས་རུ་ཁག་དང་གཞུང་གི་དམག་མི་བར་འཁྲུག་འཛིང་བྱེད་བཞིན་ཡོད་འདུག ཕྱོགས་གཉིས་ཀྱི་དམག་མིའི་ཚེ་སྲོག་ཤོར་བ་དང་བསྟུན། མི་མང་དཀྱུས་མའི་ཚེ་སྲོག་ཀྱང་ཕོན་ཆེན་ཤོར་བཞིན་ཡོད་འདུག

མཉམ་སྦྲེལ་རྒྱལ་ཁབ་ཀྱིས་ཁུལ་དེར་ཕུང་པོ་མཉམ་དུ་སྦས་པའི་དུར་ས་༢༠ ལས་མང་བ་རྙེད་སོན་བྱུང་ཡོད་སྐོར་བརྗོད་འདུག་ཀྱང་། ད་ལྟའི་ཆར་ཚེ་སྲོག་ཤོར་བའི་ཁ་གྲངས་དེ་༤༠༠ ལ་ངོས་འཛིན་བྱེད་བཞིན་ཡོད་འདུག དེ་བཞིན་ཁུལ་དེའི་ཡེ་ཤུ་ཆོས་ཁང་གིས་བརྗོད་པ་ལྟར་ན། གྲོང་གསེབ་༢༠ ལ་གཏོར་སྐྱོན་གྱི་རྐྱེན་པས་རྩ་མེད་ཆགས་ཡོད་འདུག

མཉམ་སྦྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོ་རྒྱལ་སྲས་ཨལ་ཧུ་སེན་གྱིས། རྟོག་ཞིབ་པ་ཚོས་ཁུལ་དེར་ཕུང་པོ་མཉམ་དུ་སྦས་པའི་དུར་ས་མང་པོ་ཞིག་རྙེད་སོན་བྱུང་ཡོད་ཁར། མང་པོ་ཞིག་ལ་མེ་མདའ་བརྒྱབ་ཡོད་པ་དང་མེར་སྲེག་ཡོད་པ། དེ་བཞིན་གྲིས་བརྒྱབ་ནས་བསད་པའི་ཕུང་པོ་ཡིན་པ་ཤེས་རྟོགས་བྱུང་། དྲག་སྤྱོད་དེ་ཚོ་གཞུང་གི་དམག་མི་དང་དེའི་རྒྱབ་སྐྱོར་བ་དྲག་སྤྱོད་ཚོགས་པ་གཉིས་ཀྱིས་སྤེལ་ཡོད་སྐོར་དང་། ཁུལ་དེའི་གྲོང་གསེབ་ཁག་གི་ནང་དུ་ཡོད་པའི་གྲངས་ཉུང་མི་རིགས་བརྒྱ་ཕྲག་མང་པོ་བསད་ཡོད་པའི་དཔང་རྟགས་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་ཁུལ་དེའི་གནས་སྟངས་རྟོག་ཞིབ་ཆེད་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་མེད་སྐོར་བརྗོད་ཡོད་འདུག

བདུན་ཕྲག་འདིའི་ནང་མཉམ་སྦྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས། མངའ་ཁུལ་དེའི་དྲག་སྤྱོད་ཀྱི་གནས་ཚུལ་ལ་རང་དབང་གི་རྟོག་ཞིབ་བྱེད་དགོས་མིན་ཐད་འོས་བསྡུ་བྱེད་ངེས་པ་ཡིན་འདུག་ཀྱང་། ཁོང་གྷོ་གཞུང་གིས་དེར་ངོས་ལེན་མེད་སྐོར་བརྗོད་ཡོད་འདུག

ཁུལ་དེའི་དམག་འཁྲུག་ལ་བརྟེན་ནས་མི་མང་ས་ཡ་གཅིག་ལས་མང་བ་བྲོས་བྱོལ་དུ་འགྲོ་དགོས་བྱུང་འདུག་པ་དང་། ཁུལ་དེར་རོགས་ཚོགས་ཀྱི་མཐུན་རྐྱེན་ཆ་ཚང་བ་མེད་པའི་དཀའ་ངལ་ཡང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༤༩ ཀློག་གྲངས།