དྷ་སའི་ཁྲིམས་དཔོན་ཆེན་མོ་ཕྱིར་འཕུད་གཏོང་དགོས་ཟེར།

དེ་ཡང་ཟླ་འདིའི་ཚེས་༢༩ ཉིན་གྱི་སྔ་དྲོ་དྷ་སའི་ཁྲིམས་ཁང་མདུན་གྱི་གཞུང་ལམ་སྟེང། ཕོ་མོ་གཉིས་ལས་གྲུབ་པའི་ཁྲིམས་རྩོད་པ་ཁག་གཅིག་གིས་ངོ་རྒོལ་བྱས་ཏེ། འཁྲུག་ཆ་དོད་པའི་འགྲིམས་འགྲུལ་ཡོངས་རྫོགས་བཀའ་འགོག་བྱས་པ་དང། ས་གནས་ཉེན་རྟོག་པས་ངོ་རྒོལ་བ་ཚོར་མཐར་བསྐོར་ནས་འདུག སྐབས་དེར་ཁྲིམས་རྩོད་པ་ཞིག་གིས། དྷ་ས་དང་ཀང་ར་རྫོང་གི་སྤྱི་ཁྱབ་ཁྲིམས་དཔོན་ཆེན་མོ། ལོ་འདིའི་ཟླ་བ་གཉིས་པའི་ནང་དྷ་སའི་ཁྲིམས་ཁང་ནང་གསར་དུ་འབྱོར་ཡོད་པ་དང། ཁོང་གིས་ཁྲིམས་རྩོད་པ་ཚོའི་རྒྱུན་ལྡན་གྱི་ལས་ཀའི་དུས་ཚོད་ལས་ལྡོག་སྟེ། སྔོ་དྲོ་ཆུ་ཚོད་༡༠ པའི་ཐོག་ཁྲིམས་རྩོད་པ་རྣམས་ཁྲིམས་ཁང་འོག་མའི་ནང་དུ་ལས་ཀ་ཡོང་དགོས་པ་བཟོས་པ་དང། ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག་གཞི་ནས་ཁྲིམས་ཁང་ཆེ་བ་ནང་ལས་ཀ་བྱེད་ཀྱི་ཡོད་རེད། དེར་བརྟེན་སྔ་དྲོ་༡༠ པ་ནས་ཕྱི་དྲོ་༢ པའི་བར་དུ་ཁྲིམས་ཁང་ཆེ་བ་ནང་ཁྲིམས་རྩོད་པ་མེད་པའི་སྐབས། གྱོད་གཞི་རྣམས་ཁོང་རང་ཉིད་ཀྱིས་ཐག་གཅོད་ཀྱི་ཡོད་པ་དེ་ལུགས་དང་མི་མཐུན་པ་ཞིག་རེད། དེ་བཞིན་ཉིན་རྒྱབ་ཁྲིམས་རྩོད་པ་རྣམས་གཞི་ནས་ཁྲིམས་ཁང་ཆེ་བ་ནང་ཡོང་སྐབས། ལས་ཀ་ཕུང་གསོག་ཐེབས་པ་དང་འཆར་གཞི་ལྟར་བྱེད་མི་ཐུབ་པའི་དཀའ་ངན་ལ་བརྟེན་ནས། དེ་རིང་འདིར་ཁྲིམས་རྩོད་པ་ཁག་གཅིག་གིས། ཁྲིམས་དཔོན་ཆེན་མོ་དྷ་ས་དང་ཀང་ར་རྫོང་གི་དཔོན་གྱི་གོ་གནས་ནས་ཕྱིར་འཕུད་བྱེད་དགོས་ཞེས། ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད་རེད་ཅེས་བརྗོད་བྱུང།

Share this:
༣༦ ཀློག་གྲངས།