སྲིད་འཛིན་ཊོམ་ལ་བོད་དོན་འབྲེལ་མཐུད་པ་བསྐོ་བཞག་དགོས་པའི་རེ་སྐུལ།

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་༣༧ གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཨ་རིའི་གཞུང་ནང་དམིགས་བསལ་བོད་དོན་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་བཞག་བྱེད་དགོས་པའི་འཕྲིན་ཡིག་ཅིག་ཕུལ་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དྲ་རྒྱའི་ནང་འཕྲིན་ཡིག་དེ་འཁོད་པའི་ནང་། “ང་ཚོ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཡིན་པའི་ངོས་ནས་ཨ་རིའི་གཞུང་ནང་བོད་དོན་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་བཞག་བྱ་རྒྱུར་ནན་སྐུལ་དུ་ཁྱེད་ལ་འཕྲིན་ཡིག་ཕུལ་གྱི་ཡོད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་སྲོལ་རྒྱུན་རིག་གནས་ཉར་ཚགས་བྱེད་རྒྱུ་དང་། བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་ཐད་ལ་ཨ་རིའི་མི་མང་གི་ཁྲོད་ནས་རྒྱབ་སྐྱོར་རྒྱ་ཆེན་པོ་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་ཐུན་མོང་གིས་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་ཞིག་རེད་ཅེས་འཁོད་ཡོད་པ་རེད།

ཕྱི་ལོ་༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་བོད་ཀྱི་ཐོག་འཛིན་པའི་སྲིད་ཇུས་ཀྱི་ཁྲིམས་ཤིག་བཟོས་ཡོད་པ་དེའི་དམིགས་ཡུལ་གཙོ་བོ་བོད་མི་ཚོར་ཁོ་རང་ཚོའི་ཐུན་མིན་གྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་རེ་འདོད་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན་པ་དང་། དེ་ཡོང་ཆེད་དུ་ཨ་རིའི་གྲོས་ཚོགས་ཀྱིས་དམིགས་བསལ་བོད་དོན་འབྲེལ་མཐུད་ཀྱི་ས་མིག་བཟོས་ཡོད་རེད། དེའི་ལས་དོན་གཙོ་བོ་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་སྲིད་ཇུས་གོང་འཕེལ་དུ་གཏོང་རྒྱུ་དེ་རེད་” ཅེས་བོད་ནང་ཕྱི་རྒྱལ་བ་ཉུང་ཤས་ཤིག་འགྲོ་ཐུབ་ཀྱི་ཡོད་པ་རྣམས་ལ་རྒྱ་ནག་གཞུང་ནས་བཀག་སྡོམ་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་ཡང་འཁོད་ཡོད་འདུག

དེ་བཞིན་འཕྲིན་ཡིག་ནང་“སྲིད་འཛིན་ལགས། ད་ལྟ་ནི་བོད་མི་རྣམས་ལ་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ཆགས་ཡོད་རེད། བོད་ནང་དུ་འཆར་གཞི་ལྡན་པའི་ཐོག་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་བཙན་གནོན་བྱེད་བཞིན་ཡོད། ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་ནང་པའི་ཆོས་སྡེ་ཆེ་ཤོས་སུ་གྱུར་པའི་བླ་རུང་སྒར་ཉེ་ཆར་ནས་གཏོར་བཤིག་གཏོང་འགོ་བཙུགས་ཏེ་མུ་མཐུད་གཏོར་བཤིག་གཏོང་བཞིན་པ་ཡོད་པ་རེད།”ཅེས་དང་།

ཡང་“བོད་མི་ས་ཡ་མང་པོས་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་བར་ལ་གྲོས་མོལ་བྱས་པ་བརྒྱུད། མ་འོངས་པའི་བོད་ཀྱི་གནད་དོན་བཟང་དུ་འགྲོ་རྒྱུར་རེ་བ་བྱེད་ཀྱི་ཡོད་རུང་། ཕྱི་ལོ་༢༠༡༠ ལོའི་ཕྱི་ཟླ་དང་པོ་ནས་བཟུང་ཕྱོགས་གཉིས་བར་གྲོས་མོལ་བྱུང་ཡོད་མ་རེད། ཕྱོགས་གཉིས་བར་གྲོས་མོལ་ཡོང་རྒྱུར་དེ་སྔོན་ཨ་རིའི་གཞུང་གིས་མུ་མཐུད་ནས་རྒྱབ་སྐྱོར་བྱས་ཡོད་རེད།” ཅེས་འཁོད་ཡོད་འདུག

ཡང་ཁོང་ཚོས་“བོད་མི་མང་གི་བདེ་དོན་དང་ཐོབ་ཐང་ཐད་ཨ་རིའི་གཞུང་འཛིན་སྔ་མ་རྣམས་དང་། ཨ་རིའི་གྲོས་ཚོགས་ཀྱི་དམ་བཅའ་མུ་མཐུད་སྐུ་ཉིད་ཀྱིས་བཞེས་ཀྱི་ཡོད་པ་རྒྱ་གཞུང་ལ་གོ་བརྡ་གཏོང་ཐབས་སུ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མྱུར་དུ་བསྐོ་བཞག་བྱ་རྒྱུར་ང་ཚོས་ནན་སྐུལ་ཤུགས་དྲག་བྱེད་ཀྱི་ཡོད་”ཅེས་འཁོད་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་སྲིད་འཛིན་དུ་སླེབས་ནས་བཟུང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ས་མིག་དེ་སྟོང་པ་བཞག་ཡོད་པ་རེད་ལ། ཉེ་ཆར་ཨ་རིའི་གྲོས་ཚོགས་འཐུས་མི་༨ དྷ་སར་འབྱོར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེའི་གཏམ་བཤད་ནང་དུའང་། སྲིད་འཛིན་ཌོ་ནལ་ཊོམ་སྲིད་གཞུང་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་བཞག་བྱ་རྒྱུའི་རེ་བ་ཡོད་སྐོར་གསུངས་ཡོད་པ་རེད། །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༩༧ ཀློག་གྲངས།