ཕྲུ་གུ་ཉི་ཤུ་རྩ་བརྒྱད་དང་དར་མ་གསུམ་ལ་གྲི་བཙུགས་འདུག

དེ་ཡང་ཟླ་འདིའི་ཚེས་༢༩ ཉིན་ཧྲང་ཧེ་ནས་བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཏུ་དེང་སྐབས་གྲི་བེད་སྤྱད་ནས་མི་གྲངས་ཕོན་ཆེན་གསོད་པའི་གནས་ཚུལ་ཧ་ཅང་མང་པོ་ཐོན་བཞིན་ཡོད་པ་དང། ད་ཐེངས་ཀྱི་བུ་གསོ་ཁང་གི་ཕྲུ་གུ་༢༨ དང་དར་མ་༣ ལ་གྲི་བཙུགས་པའི་གནས་ཚུལ་འདི། ཟླ་འདིའི་ནང་ཐོན་པའི་གྲི་བཙུགས་ཀྱི་གྱོད་གཞི་གསུམ་པ་དེ་ཡིན་པ་དང།  ཟླ་འདིའི་ཚེས་༢༨ ཉིན་གཱོན་རྡུང་ལི་ཧྲུས་ས་ཁུལ་དུ་སློབ་ཕྲུག་༡༥ དང་དགེ་རྒན་༡ ལ་གྲི་བཙུགས་ཀྱིས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང། བདུན་འགའི་སྔོན་དུ་རྒྱ་ནག་གི་ལྷོ་ཕྱོགས་སུ་སློབ་ཕྲུག་༡༦ དང་དགེ་རྒན་༡ ལ་གྲི་བཙུགས་ཀྱི་གྱོད་གཞི་ཐོན་མ་ཐག་ཡིན་ཞིང། ཟླ་བ་སྔོན་མའི་ནང་ཧྤུས་ཇན་ཞིང་ཆེན་ནང་། སྨན་པས་ཕྲུ་གུ་༨ གྲི་བཙུགས་ཀྱིས་རྐྱེན་འདས་སོང་བའི་ཁྱབ་བསྒྲགས་བྱས་པ་དང།  གྲི་བཙུག་མཁན་ལག་དམར་བ་ལ་སྲོག་ཁྲིམས་བཅད་ཡོད་འདུག

ད་ཐེངས་བུ་གསོ་ཁང་ཡོང་བའི་ལག་དམར་བ་རང་ལོ་༤༧ ལ་ཟིན་པའི་ཞུའུ་ཡན་ཟེར་བ་དེ། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་ཀླད་པ་སྐྱོན་ཅན་ཞིག་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་དང། བུ་གསོ་ཁང་དེའི་ཕྲུ་གུ་རྣམས་ནི་རང་ལོ་༢ ནས་༥ བར་དུ་ཡིན་པ་དང། ལག་དམར་བས་གྲི་བཙུགས་སྐབས་རང་ལུས་སྦས་པའི་ཐབས་ཤེས་སོགས་གང་ཡང་བྱེད་མི་མཁན་ཤ་སྟག་ཡིན་འདུག ད་ལྟའི་སྐབས་ལག་དམར་བ་དེ་བཀག་ཉར་ཁང་དུ་ཡོད་པ་དང་ཁྲིམས་ཆད་སོགས་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་འདུག

གསར་འགྱུར་དབྱེ་ཞིབ་པ་ཚོས་རྒྱ་ནག་ཏུ་བྱུང་བའི་གྲི་བཙུགས་ཀྱི་ལོ་དུས་དང་གྲངས་འབོར་སྙན་ཐོ་ཞིག་བཏོན་པའི་ནང་འཁོད་དོན། ༢༠༡༠ ཟླ་བ་༤ པའི་ཚེས་༢༨ ཉིན་གཱོན་རྡུང་ལི་ཧྲུས་ས་ཁུལ་དུ་སློབ་ཕྲུག་༡༥ དང་དགེ་རྒན་༡ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང། ༢༠༡༠། ༣། ༢༤ ཉིན་ཧྤུས་ཇན་ནན་པིང་ས་ཁུལ་དུ་ཕྲུ་གུ་༨ བསད་ཡོད་པ་དང། ༢༠༠༤། ༡༡ པའི་ནང་ཧིན་ནན་རུའུ་ཧྲང་ས་ཁུལ་དུ་སློབ་ཕྲུག་བུ་༨ བསད་ཡོད་པ་དང། ༢༠༠༤། ༩ པའི་ནང་སུས་ཧྲང་བུ་གསོ་ཁང་གི་ཕྲུ་གུ་༢༨ དང་། ཧྲང་དུང་སློབ་གྲྭ་ནང་སློབ་ཕྲུག་༢༤ ལ་རྨས་སྐྱོན་བཏང་ཡོད་པ་དང། ༢༠༠༤། ༨ པེ་ཅིང་སྔོན་འགྲོའི་སློབ་གྲྭའི་སྒོ་སྲུང་བས་ཕྲུ་གུ་༡ བསད་པ་དང་༡༤ ལ་རྨས་སྐྱོན་བཏང་ཡོད་འདུག

ལག་དམར་བ་དེ་དག་ཕལ་ཆེ་བས་བསམ་བཞིན་དུ་སློབ་ཕྲུག་དང་ཕྲུ་གུ་རྣམས་བསད་ཡོད་པས། དེང་སྐབས་མང་པོ་ཞིག་ལ་སྲོག་ཁྲིམས་བཅད་ཟིན་པ་དང། འགའ་རེ་བཀག་ཉར་ཁང་དུ་ཡོད་འདུག ཡུལ་མི་མང་པོ་ཞིག་གིས་ལས་དོན་དེ་ལྟར་གཉེར་བའི་རྒྱུ་རྐྱེན་ལ་འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་སྣ་ཚོགས་ཡོང་བཞིན་ཡོད་ཀྱང། གཞུང་ཕྱོགས་ནས་ཀླད་པ་སྐྱོན་ཅན་ཡིན་པའི་འགྲེལ་བརྗོད་བྱས་པ་ལས། ཡུལ་མི་དེ་དག་ལ་འཚོ་བའི་ཐད་ཀྱི་འདོད་བློ་མ་ཚིམས་པའི་གནད་དོན་སོགས་ཡོད་པའི་འགྲེལ་བརྗོད་གང་ཡང་བྱས་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།

 

Share this:
༡༡༠ ཀློག་གྲངས།