རྒྱ་ནག་གཞུང་ནས་ཨ་རིའི་ཁེལ་ལི་ཕོར་ནི་ཡ་མཐོ་སློབ་ལ་བཟོད་གསོལ་ཞུ་དགོས།

ཨ་རིའི་གྲོས་ཚོགས་མི་སྣ་རྒན་པ་ཞིག་གིས་༧གོང་ས་མཆོག་གི་ཆིབས་སྒྱུར་དང་འབྲེལ་ནས་རྒྱ་ནག་གཞུང་གིས་ཨ་རིའི་ཁེལ་ལི་ཕོར་ནི་ཡ་མཐོ་སློབ་དང་། མཐོ་སློབ་ཀྱི་རིགས་བདག་ལ་སྡིགས་སྐུལ་བྱས་པར་བཟོད་གསོལ་ཞུ་རྒྱུའི་དགོས་འདུན་བཏོན་འདུག

ཟླ་འདིའི་ཕྱི་ཚེས་༢༣ ཉིན་དེ་རིང་གི་རྒྱ་གར་ཞེས་པའི་གསར་གནས་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་འབྲེལ་དྲ་རྒྱ་གོ་ལའི་དུས་བབ་ཐོག་༧གོང་ས་མཆོག་གདན་ཞུ་དང་འབྲེལ་ནས། ཨ་རིའི་སན་ཌི་ཡ་གོའི་ཁེལ་ལི་ཕོར་ནི་ཡ་མཐོ་སློབ་ལ་སྡིགས་སྐུལ་བྱས་པ་དེར། ཟླ་འདིའི་ཕྱི་ཚེས་༢༢ ཉིན་ཨ་རིིའི་གྲོས་ཚོགས་ཀྱི་འཐུས་མི་ཌེན་ནི་ཧྥིན་སི་ཊིན་གྱིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༠ ཉིན་གོ་ལའི་དུས་བབ་ཞེས་པའི་རྒྱ་ནག་གཞུང་འབྲེལ་གསར་གནས་ཀྱི་རྩོམ་སྒྲིག་པའི་གཏམ་ནང་། ༧གོང་ས་མཆོག་ནི་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་དང་། རྒྱ་ནག་ལས་ཁ་བྲལ་དང་ངོ་ལོག་ཏུ་སོང་བ་ཞིག་ཡིན་པ་དང་། ཁེལ་ལི་ཕོར་ནི་ཡ་མཐོ་སློབ་ཏུ་ཁོང་གདན་ཞུ་བྱས་པ་དེས། རྒྱ་ནག་དང་ཁེལ་ལི་ཕོར་ནི་ཡ་མཐོ་སློབ་དང་མཐོ་སློབ་ཀྱི་རིགས་བདག་བཅས་བར་གྱི་འབྲེལ་བ་ལ་ཉེན་ཚབས་བཟོས་ཡོད་པའི་སྡིགས་ར་བསྐུལ་ཡོད་འདུག་ཀྱང་། ཟླ་འདིའི་ཕྱི་ཚེས་༢༢ ཉིན་ཨ་རིིའི་གྲོས་ཚོགས་ཀྱི་འཐུས་མི་རྒན་པ་ཌེན་ནི་ཧྥིན་སི་ཊིན་གྱིས་དེར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། “རྒྱ་ནག་དམར་ཤོག་གཞུང་གི་མགྲིན་ཚབ་པ་ཡིན་པའི་གོ་ལའི་དུས་བབ་ཀྱི་གསར་འགོད་པ་ཞིག་གིས། ཨ་རིའི་སན་ཌི་ཡ་གོ་དང་དེའི་མཐོ་སློབ་ཀྱི་རིགས་བདག་སློབ་ཕྲུག་དང་བཅས་པ་ལ། ༧གོང་ས་མཆོག་གདན་ཞུ་དང་འབྲེལ་བའི་ཐོག་ནས་སྡིགས་ར་སྐུལ་བ་ནི་ཚད་ལས་བརྒལ་བ་ཞིག་ཏུ་མཐོང་གི་འདུག་”ཅེས་དང་། གོ་ལའི་དུས་བབ་གསར་ཁང་གིས་ནག་ཉེས་དེར་བཟོད་གསོལ་ཞུ་དགོས་པ་དང་། གསར་གནས་དེ་ནས་རྩོམ་ཡིག་དེ་ཕྱིར་འཐེན་བྱེད་རྒྱུའི་དགོས་འདུན་ཡང་བཏོན་ཡོད་འདུག

དེ་བཞིན་མོས་“གོ་ལའི་དུས་བབ་ཀྱིས་ཏཱ་ལའི་བླ་མ་ནི་རྒྱ་ནག་ལས་ཁ་བྲལ་བ་ཞིག་རེད་ཅེས་འགྲེལ་བརྗོད་བྱེད་བཞིན་པ་དེ་སྦད་དེ་ནོར་བ་ཞིག་རེད་”ཅེས་དང་། “ཏཱ་ལའི་བླ་མ་ནི་ངས་མི་ལོ་༢༥ ལྷག་གི་རིང་ནས་ཤེས་ཀྱི་ཡོད་པ་མ་ཟད། ཁོང་དང་རྒྱ་ནག་གཞུང་གཉིས་བར་གྱི་གྲོས་མོལ་མཐའ་མ་རྣམས་ཀྱི་བརྒྱུད་རིམ་ནང་ང་རང་ཐད་ཀར་འབྲེལ་བ་ཡོད་མཁན་ཞིག་ཀྱང་ཡིན།”ཞེས་དང་། “ཏཱ་ལའི་བླ་མར་བོད་རྒྱ་ནག་ནས་ཁ་བྲལ་བྱ་རྒྱུའི་ཐུགས་འདུན་ཡོད་མ་རེད་ལ། དེ་ལས་ཁོང་གིས་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོག་ནས་བོད་མི་རྣམས་སོ་སོའི་དད་མོས་ལ་རང་དབང་ངང་རོལ་ཐུབ་ཐབས་སུ་འབད་ཀྱི་ཡོད་རེད་”ཅེས་དང་། “ཏཱ་ལའི་བླ་མས་ཁོ་རང་གི་མི་མང་ཚོའི་ཆོས་ལུགས་དད་མོས་སྡུག་སྦྱོང་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་པ་ལ་བརྟེན་ནས། ཁོང་ཁ་བྲལ་བ་ཆགས་རྒྱུའི་ཚབ་ཏུ་ཡར་བསྐུལ་གནང་བའི་ཞི་བདེའི་དབུ་ཁྲིད་ཅིག་ཏུ་ཆགས་ཀྱི་ཡོད་པ་རེད། ”ཅེས་སོགས་བསྒྲགས་ཡོད་པ་མ་ཟད། མོ་རང་ཉིད་ལ་མཚོན་ན་༧གོང་ས་མཆོག་དང་། རྒྱ་ནག་གཉིས་ཀའི་གྲོགས་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བོད་དོན་དཀའ་ངལ་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་ཀྱི་ཡོད་སྐོར་བཅས་ཀྱང་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༥༡ ཀློག་གྲངས།