སྐུ་ཞབས་ལིའུ་ཞའོ་པོ་ལ་ན་ཚ་ཕོག་ཡོད་པས་རྒྱ་གཞུང་གི་བཙོན་ཁང་ནས་གློད་གྲོལ།

རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལིའུ་ཞའོ་པོ་ལ་མཆིན་པའི་སྐྲན་ནད་ཕོག་ཡོད་སྟབས་རྒྱ་གཞུང་གི་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༦ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལིའུ་ཞའོ་པོ་ལ་རྒྱ་གཞུང་གི་བཙོན་ཁང་ནས། མཆིན་པའི་སྐྲན་ནད་ཕོགས་ཡོད་སྟབས། དམིགས་བསལ་གནས་སྟངས་ཀྱི་ཐོག་ནས་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་འདུག

ལིའུ་ཞའོ་པོ་གློད་གྲོལ་གྱི་ཐོག་ཁོང་གི་ཁྲིམས་རྩོད་པས་སྦི་སྦི་སི་གསར་ཁང་ལ་བརྗོད་པ་ལྟར་ན། དེ་སྔོན་ཟླ་གཅིག་གི་གོང་དུ་ལིའུ་ཞའོ་པོའི་ནད་ངོ་ཆོད་རྗེས་ནས་བཟུང་། རྒྱ་ནག་ཡའོ་ལིང་ཞིང་ཆེན་དུ་སྨན་ཁང་ཞིག་ནང་ཁོང་ལ་སྨན་བཅོས་བྱེད་བཞིན་ཡོད་སྐོར་འདུག

དེ་སྔོན་ལིའུ་ཞའོ་པོ་ལ་ལོ་༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས་ད་ལྟ་བཙོན་འཇུག་དུས་ཡུན་ལོ་༣ གྱིས་ཚང་མེད་རུང་། ན་ཚའི་དབང་གིས་བཙོན་ཁང་ནས་གློད་གྲོལ་གཏོང་དགོས་ཁེལ་ཡོད་པ་རེད་འདུག

ཕྱི་ལོ་༢༠༡༠ ལོར་ལིའུ་ཞའོ་པོ་བཙོན་ཁང་དུ་ཡོད་སྐབས། ནོལ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་ཀྱང་། ཁོང་གཟེངས་རྟགས་དེ་ལེན་པར་སླེབས་ཐུབ་མེད་པས། སྐབས་དེར་རྐུབ་བཀྱག་སྟོང་པ་བཞག་ཡོད་པ་རེད།  དེ་ནས་བཟུང་ཁོང་གི་བཟའ་ཟླ་ལིའུ་ཞའོ་ཡང་རང་ཁྱིམ་ནང་བཀག་ཉར་འོག་གནས་ཡོད་འདུག་ཀྱང་། རྒྱ་གཞུང་གི་དབང་འཛིན་པ་ཚོས་ད་བར་མོ་ལ་བཀག་ཉར་དེ་ལྟར་བྱེད་དོན་གྱི་སྐོར་ལ་འགྲེལ་བརྗོད་གང་ཡང་བྱས་མེད་འདུག

ལིའུ་ཞའོ་པོ་ནི་ཕྱི་ལོ་༡༩༨༩ ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་ཞི་བའི་ངོ་རྒོལ་སྐབས་མཉམ་ཞུགས་བྱས་རྐྱེན་ལོ་གཉིས་མ་ཟིན་ཙམ་རིང་བཙོན་དུ་བཅུག་མྱོང་ཡོད་པ་དང། ༡༩༩༦ ལོར་གནམ་སྡེ་སྒོ་མོའི་དོན་རྐྱེན་དང་འབྲེལ་བའི་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་བར། རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་ལོ་གསུམ་རིང་བཏང་ཡོད་འདུག ༢༠༠༩ ལོར་ལིའུ་ཞའོ་པོ་ཡིས་བརྩམས་པའི་རྩ་ཁྲིམས་ཀླད་ཀོར་བརྒྱད་ཅེས་པ་འདོན་སྤེལ་མ་བྱས་པའི་ཉིན་གཅིག་གོང་དུ་གློ་བུར་དུ་འཛིན་བཟུང་བྱས་ནས་ད་བར་བཙོན་འཇུག་བཀག་ཉར་བྱས་པ་ཞིག་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༥༧ ཀློག་གྲངས།