༧གོང་ས་མཆོག་གིས་སྐུ་ཞབས་ལིའུ་ཞའོ་པོ་ལ་གནང་བའི་གསུང་འཕྲིན།

རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་ཉེ་ལམ་མཆིན་པའི་སྐྲན་ནད་ཚབས་ཆེ་ཕོགས་རྐྱེན་བཙོན་ཁང་ནས་གློད་གྲོལ་བཏང་བར། ཟླ་འདིའི་ཚེས་༢༨ ཉིན་༸གོང་ས་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད།

༧གོང་ས་མཆོག་གི་གསུང་འཕྲིན་དེའི་ནང་། ངོས་རང་ཐོག་མར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་བཙོན་ཁང་ནས་གློད་གྲོལ་བཏང་འདུག་ཅེས་གོ་ཐོས་བྱུང་སྐབས་དགའ་ཚོར་ཧ་ཅང་སྐྱེས་བྱུང་ཡང་། དེ་རྗེས་འཕྲལ་མར་ཁོང་གི་ནད་གཞི་ཧ་ཅང་ཚབས་ཆེ་ཡོད་པ་ཐོས་སྐབས་ཧ་ཅང་བློ་ཕམ་བྱུང་། སྐུ་ཞབས་ལིའུ་ཞའོ་པོ་མཆོག་ནི་རྒྱ་ནག་གི་ཆབ་སྲིད་བཙོན་པའི་ཁྲོད་མི་སྣ་གྲགས་ཤོས་གྲས་ཤིག་ཡིན་ཞིང་། ཁོང་གིས་སྤེལ་བའི་ལས་འགུལ་དེའི་ཤུགས་རྐྱེན་ལ་བརྟེན་ནས་རྒྱ་ནག་ནང་རིམ་བཞིན་སྤྱི་ཚོགས་འཆམ་མཐུན་དང་།  བརྟན་ལྷིང་ངང་ནས་ཡར་རྒྱས་ཕྱོགས་སུ་གོམ་པ་མདུན་སྤོ་བྱེད་ཐུབ་རྒྱུ་དང་།  དེར་བརྟེན་འཛམ་གླིང་སྤྱི་ལའང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་ཡོད།  ཁོང་ནས་དེའི་དོན་དུ་བཙོན་ཁང་ནང་མནར་གཅོད་ཚབས་ཆེ་མྱངས་ཡོད།  ཁོང་གིས་སྣེ་ཁྲིད་པའི་༢༠༠༨ རྩ་ཁྲིམས་ཞེས་པའི་མང་གཙོའི་ལས་འགུལ་སྤེལ་སྐབས་རྒྱ་རིགས་ཤེས་ལྡན་མི་སྣས་གཙོས་མི་དམངས་བརྒྱ་ཕྲག་མང་པོར་སེམས་འགུལ་ཤུགས་ཆེ་ཐེབས་ནས་མང་གཙོ་དང་རང་དབང་།  ཁྲིམས་ལུགས་དབང་འཛིན་གྱི་ལམ་ལུགས་ལག་བསྟར་དགོས་པའི་ལས་འགུལ་སྤེལ་བ་དེར་ངོས་རང་ཧ་ཅང་ངོ་མཚར་སྐྱེས་པ་དང་སྦྲགས་སེམས་འགུལ་ཤུགས་ཆེ་ཐེབས་བྱུང་། ངོས་རང་ཐུག་འཕྲད་སླད་ཕེབས་མཁན་མི་མང་པོ་ཞིག་གིས་ཁོང་སྐུ་གཟུགས་མགྱོགས་མྱུར་དྲག་སྐྱེད་ཡོང་སླད་སྨོན་ལམ་རྒྱག་རོགས། ཞེས་ཞུ་སྐུལ་གནང་གི་འདུག ངོས་ཀྱི་རེ་བར་ད་ཆ་ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་གང་ལེགས་གནང་རྒྱུ་དང་སྨན་བཅོས་ལམ་ལྷོངས་ལྡན་པ་ཞིག་ཡོང་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༤༧ ཀློག་གྲངས།