བོད་མི་ཨ་རིར་གནས་སྤོར་ཆེད་ཁྲིམས་ཡིག་གྲོས་འཆར་བསྐྱར་དུ་བཏོན་པ།

ཟླ་འདིའི་ཚེས་༢༩ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་གཉིས་ཀྱིས། སྐྱབས་བཅོལ་བོད་མིར་མཐུན་སྦྱོར་རོགས་རམ་ཆེད་ཆ་རྐྱེན་ཚང་བའི་བཙན་བྱོལ་བོད་མི་༣༠༠༠ ཞིག ལོ་གསུམ་རིང་ཨ་རིར་གནས་སྤོར་ཆེད་ཐོངས་མཆན་སྤྲོད་རྒྱུའི་ཁྲིམས་ཡིག་གྲོས་འཆར་བསྐྱར་དུ་བཏོན་ཡོད་འདུག

གྲོས་འཆར་འདོན་མཁན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནེར་དང་། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ཛོ་ལོ་གྷེ་རན་གཉིས་ཀྱིས། ཨ་རིས་ལོ་མང་རིང་དཀའ་ངལ་འཕྲད་བཞིན་པའི་རྒྱལ་ཁབ་ཁག་ལ་རོགས་སྐྱོར་དང་དེ་བཞིན་རྒྱལ་ཁབ་གཞན་ནང་མནར་གཅོད་མྱོང་མཁན་རྣམས་ལ་སྐྱབས་བཅོལ་སྤྲོད་པའི་ལོ་རྒྱུས་རིང་པོ་ཡོད་པ་དང་། བོད་མི་རྣམས་རྒྱ་ནག་གི་འོག་ཏུ་ལོ་མང་རིང་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་སྐོར་བརྗོད་འདུག

དེ་བཞིན་བོད་མི་མང་པོ་ཞིག་བོད་ནས་བྲོས་བྱོལ་དུ་ཡོང་ནས། རྒྱལ་ཁབ་གཞན་ལ་གཞིས་ཆགས་བརྟན་པོ་ཆགས་ཡོད་པས། ཨ་རིར་གནས་སྤོས་བྱ་རྒྱུའི་ཆ་རྐྱེན་ཚང་གི་མེད་པར་བསམ་སྲིད་ཀྱང་། བོད་མི་སྟོང་ཕྲག་མང་པོ་རྒྱ་ནག་གི་བཙན་གནོན་ནས་ཐར་ཆེད་དུ་སྐྱབས་བཅོལ་དུ་འགྲོ་བཞིན་ཡོད་པ་དང་། རྒྱ་གར་དང་བལ་ཡུལ་དུ་བོད་མི་རྣམས་ཀྱིས་ཆོས་དང་རིག་གཞུང་ཉར་ཚགས་ཆེད་ལས་ཀ་བྱེད་ཀྱི་ཡོད་ཀྱང་། བོད་མི་སྐྱབས་བཅོལ་བ་མང་པོ་དུས་གཅིག་ལ་འབྱོར་བ་དེས། གནས་ཡུལ་རྒྱལ་ཁབ་ཁག་ལ་དཔལ་འབྱོར་སོགས་ཀྱི་དཀའ་ངལ་གདོང་ལེན་བྱེད་དགོས་པ་བྱུང་གི་ཡོད་ཁར། ཕྱི་ལོ་༢༠༡༥ ལོའི་བལ་ཡུལ་གྱི་ས་ཡོམ་རྗེས་སུ། བོད་མི་རྣམས་ལ་ཨ་རིས་སྐྱབས་བཅོལ་གྱི་རོགས་རམ་བྱེད་པའི་དགོས་པ་ཆེ་རུ་ཕྱིན་ཡོད་སྐོར་བརྗོད་ཡོད་འདུག

ཕྱི་ལོ་༢༠༡༥ ལོའི་ཟླ་༦ པའི་༤ ཉིན་ཨ་རིའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཁྲིམས་ཡིག་གྲོས་འཆར་དེ་བཏོན་ཡོད་འདུག ཨ་རིའི་གྲོས་ཚོགས་ཀྱི་དྲ་རྒྱའི་ཐོག་གི་གནས་ཚུལ་ལ་གཞིགས་ན། སྐབས་དེའི་གྲོས་འཆར་དེ་ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་ཀྱི་གནས་སྤོས་དང་ས་མཚམས་བདེ་སྲུང་གི་ཚོགས་ཆུང་ཆུང་བ་ལ་སྤྲད་དེ་དེར་ལྷག་ཡོད་འདུག ཁྲིམས་ཡིག་དེ་གཏན་འབེབས་ཡོང་བར་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ནང་དུ་གྲོས་བསྡུར་དང་རྟོག་ཞིབ་བྱས་རྗེས། ཚོགས་ཆུང་གི་རྒྱབ་སྐྱོར་ཐོབ་དགོས་པ་དང་དེ་རྗེས་གྲོས་ཚོགས་གོང་འོག་གཉིས་ཀྱི་རྒྱབ་སྐྱོར་ཐོབ་ནས་སྲིད་འཛིན་གྱི་མིང་རྟགས་འགོད་ཆེད་ཡར་སྐྱེལ་བ་སོགས་བརྒྱུད་རིམ་མང་པོ་ཞིག་འགྲོ་དགོས་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༧༢ ཀློག་གྲངས།