སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་ཞེས་པའི་དཔེ་དེབ་དབུ་འབྱེད།

ཟླ་༦ པའི་ཕྱི་ཚེས་༣༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ པའི་ཐོག་དྷ་ས་མེག་གྷན་ཀིརྟི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ཀྱིས་བྲིས་པའི་སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་སོང་།

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལོ་རྒྱུས་མཁས་དབང་བཀྲ་ཤིས་ཚེ་རིང་དང་། ཀིརྟི་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་དཀོན་མཆོག་རྒྱ་མཚོ་གཉིས་ཀྱིས་དབུས་དགེ་འདུན་པ་མི་ཉུང་བ་ཞིག་དང་། དོ་སྣང་ཅན་གྱི་མི་ཁག་ཅིག་འཛོམས་འདུག

སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་ཞེས་པའི་དཔེ་དེབ་དེ་ནི་དུས་རབས་ཉི་ཤུ་པའི་མགོ་སྟོད་དུ། འབྲས་ལྗོངས་སུ་བོད་ཀྱི་ཁྱིམ་ཚང་དུ་འཁྲུངས་པའི་སྤེན་པ་དོན་གྲུབ་ཟེར་བ་ཞིག་ཕྱི་ལོ་༡༩༡༤ ལོར་སིངྒལ་རུ་ཕེབས་ནས་གནས་བརྟན་སྡེ་པའི་ཆོས་སྒོར་ཞུགས། ཕྱིས་སུ་སིངྒལའི་ཆེས་ཕུལ་བྱུང་གི་སྙན་ངག་པ་གྲགས་ཅན་དང་།  སིངྒལའི་སྐད་ཡིག་ཐོག་དཔེ་དེབ་བཞི་བཅུ་ཞེ་གྲངས་རྩོམ་མཁན། སིངྒལའི་རང་བཙན་འཐབ་རྩོད་ནང་ཞུགས་ནས་དཔའ་བོའི་མཚན་སྙན་ཐོབ་པའི་སིངྒལར་ཡོངས་གྲགས་སུ་བོད་མི་མ་ཧཱེཎྜ་ཞེས་པའི་སྐོར་གྱི་དེབ་ཅིག་ཡིན་པ་རེད།

དཔེ་དེབ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་ལོ་རྒྱུས་མཁས་དབང་བཀྲ་ཤིས་ཚེ་རིང་གིས་མ་ཧཱེཎྜས་དེབ་བྲིས་ཚད་ཚང་མའི་ནང་ཁོང་ཉིད་བོད་པ་ཡིན་སྐོར་བྲིས་ཡོད་སྐོར་གསུངས་དོན། “ཕྱི་ལོ་༡༨༡༦ ལོར་དབྱིན་ཇི་དང་འབྲས་ལྗོངས་ཐོག་མར་དམག་རྒྱག་རྒྱུ་འགོ་བཙུགས་ཡོད་རེད། ༡༨༣༥ ལོར་རྡོ་རྗེ་གླིང་ཤོར་ཚར་ནས། ༡༨༦༥ ལོར་འབྲས་ལྗོངས་ཕལ་ཆེ་བོད་སྡེ་པ་གཞུང་གི་ལག་ནས་ཤོར་ཚར་གྱི་ཡོད་རེད། ༡༨༦༥ ནས་བཟུང་༡༩༠༠ བར་དུ་དབྱིན་ཇི་ཡིས་འབྲས་ལྗོངས་ལ་པར་བརྒྱབས་པའི་དགོན་པ་དང་། བླ་མ། སྔགས་པ། གྲྭ་པ་ཚང་མའི་པར་གྱི་འགྲེལ་བཤད་ནང་བོད་ཀྱི་དགོན་པ་དང་། བོད་ཀྱི་བླ་མ། བོད་ཀྱི་བླ་མའི་གར་འཆམ་ཟེར་ནས་དབྱིན་ཡིག་ནང་བྲིས་ཡོད་རེད། དེ་དུས་བོད་ཡིན་ལབ་པ་མ་གཏོགས་དེང་སང་གི་བཤད་སྟངས་བཞིན། ཁོང་ཚོ་བོད་པ་རེད། ང་ཚོ་འབྲས་ལྗོངས་ཡིན། ཡང་མིན་ན་ཁོང་ཚོ་བྷོ་ཊི་ཡ་རེད། ཁོང་ཚོ་སྐྱབས་བཅོལ་བོད་པ་རེད་ཟེར་བའི་ཐ་སྙད་འདི་དག་ཚང་མ་གསར་པ་རེད། གནའ་སྔ་མོ་འབྲས་ལྗོངས་ཡིན་ཟེར་ཚད་ཚང་མ་བོད་པ་ཡིན་ཟེར་གྱི་ཡོད་རེད། ལྷག་པར་དུ་དུས་རབས་༡༤ དང་ ༡༥། ༡༦། ༡༧ བར་གྱི་ལོ་རྒྱུས་ལ་བལྟས་ན། གྲོ་མོ་དང་། ཕག་རི། འབྲས་ལྗོངས། འབྲུག་སྤ་གྲོ་ཚང་མ་ལ་བོད་པའི་ཡིག་ཆ་ནང་ལྷོ་པ་ཞེས་གསལ་གྱི་ཡོད་རེད། དེ་འདྲ་ཡིན་དུས་སྤེན་པ་དོན་གྲུབ་ཕྱི་རྒྱལ་གྱི་ལུང་པར་སླེབས་ཡོད་དུས། འབྲས་ལྗོངས་ཟེར་ན་ཅིག་བྱས་ན་ཕྱི་རྒྱལ་གྱིས་ཧ་གོ་ཡི་མ་རེད། བོད་ཟེར་ན་ཧ་གོ་ཆེ་ཡི་ཡོད་རེད། འབྲས་ལྗོངས་བོད་ཆེན་པོའི་ཁོངས་གཏོགས་ཡང་རེད་ཡོད་རེད། དེ་འདྲ་ཡིན་དུས་ཁོ་རང་གིས་དེབ་བྲིས་ཚད་ལ་བོད་ཀྱི་རྩོམ་པ་པོ་མ་ཧཱེཎྜ་ཞེས་བྲིས་ཡོད་རེད། དེ་རྒྱུ་མཚན་དེ་འདྲ་ཞིག་ཡིན་གྱི་རེད་དྲན་གྱི་འདུག”ཅེས་དང་། དེ་བཞིན་ཁོང་གིས་མ་ཧཱེཎྜས་སིངྒལའི་ཨ་མ་ཞེས་པའི་སྙན་ངག་ཅིག་སིངྒལའི་སྐད་དུ་བྲིས་ཡོད་པ་ལ་བརྟེན་ནས། ཡུལ་དེའི་མི་ཚང་མར་སེམས་ཤུགས་བསྐྱེད་ནས་དབྱིན་ཇིའི་བཙན་རྒྱལ་ལ་ངོ་རྒོལ་འགོ་བཙུགས་ཡོད་སྐོར་དང་། མ་ཧཱེཎྜས་བྲིས་པའི་སྙན་ངག་སོགས་སིངྒལའི་ཀློག་དེབ་མང་པོའི་ནང་བཞག་ཡོད་པ་སོགས་ཡིག་ཆ་རྣམས་ཁོང་གིས་བསྡུ་རུབ་བྱས་མྱོང་ཡོད་སྐོར་གསུངས་སོང་ལ། གཞན་ཡང་རྩོམ་པ་པོས་མ་ཧཱེཎྜའི་སྐོར་ལ་མུ་མཐུད་ནས་ཞིབ་འཇུག་བྱས་ཏེ་མ་ཧཱེཎྜའི་སྐོར་ལ་སླར་ཡང་དེབ་འདོན་རྒྱུའི་རེ་སྐུལ་གནང་སོང་།

རྩོམ་པ་པོས་གསུངས་པ་ལྟར་ན་དཔེ་དེབ་དེ་བརྩམས་དགོས་པའི་རྒྱུ་མཚན་ནི།  གཅིག་ནས་མ་ཧཱེཎྜའམ་བོད་མི་སྤེན་པ་དོན་གྲུབ་ཀྱི་སྐོར་ལ་བོད་པའི་སྤྱི་ཚོགས་ནས་གོ་རྟོགས་ཡོང་ཐབས་དང་། གཉིས་ནས་གཞོན་སྐྱེས་མང་པོ་ཞིག་གིས་བོད་མི་རིགས་འདི་འཇོན་ཐང་མེད་མཁན་ཞིག་ཡིན་པ་ལ་བརྟེན་ནས་ད་ལྟའི་གནས་སུ་གྱར་བ་རེད་ཟེར་མཁན་སྐབས་རེ་ཡོང་གི་ཡོད་པ་ལྟར་མིན་པར་བོད་མི་རིགས་ལ་སྡིངས་ཆ་དང་གོ་སྐབས། ཁོར་ཡུག་བཅས་བྱུང་ན་མི་རིགས་གཞན་དང་འདྲ་མཉམ་ཙམ་མ་ཟད། གཞན་ལ་འགོ་ཁྲིད་ཐུབ་མཁན་ཞིག་ཡིན་པ་སྟོན་ཐབས་དང་། གཞོན་སྐྱེས་རྣམས་ལ་དངོས་བྱུང་ལོ་རྒྱུས་ཀྱི་ཐོག་ནས་བློ་སྟོབས་བསྐྱེད་ཆེད་དུ་ཡིན་སྐོར་འདུག རྒྱུ་རྐྱེན་གཞན་ཞིག་ནི་ཕྱི་ལོ་༢༠༡༥ ལོར་རྩོམ་པ་པོ་ཁོང་ཉིད་སིངྒལར་གནས་བསྐོར་དུ་བསྐྱོད་སྐབས། སིངྒལའི་མི་ཚོས་ལུང་པ་གང་ནས་ཡིན་མིན་དྲིས་དུས་བོད་ནས་ཡིན་སྐོར་བརྗོད་དུས་དགའ་བ་ཆེན་པོའི་ཐོག་ནས་ལག་གཉིས་ཐལ་མོ་སྦྱར་སྐབས། དེའི་རྒྱུ་མཚན་དྲིས་པར་གནའ་སྔ་མོ་བོད་ཀྱི་དགེ་སློང་ཞིག་སིངྒལ་རུ་ཕེབས་ནས་བསྟན་པ་ཉག་ཕྲ་ཞིང་རྒྱལ་ཁབ་ཉམས་ཉེས་པའི་སྐབས་སུ་མཛད་རྗེས་རླབས་པོ་ཆེ་བཞག་ཡོད་སྟབས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་དང་། ཁོང་གི་མི་རིགས་གཅིག་པ་དང་ཐུག་དུས་དགའ་པོ་བྱུང་སྐོར་བརྗོད་རྗེས། བོད་པའི་སྤྱི་ཚོགས་ནང་དེ་འདྲའི་གནས་ཚུལ་ཡོད་པ་གོ་ཐོས་མ་བྱུང་དུས། དེའི་སྐོར་ལ་ཞིབ་འཇུག་ཅིག་བྱས་ན་བོད་ཀྱི་གཞོན་སྐྱེས་རྣམས་ལ་ཕན་ཐོགས་བྱུང་ས་རེད་བསམ་ནས། ཕྱིས་སུ་སླར་ཡང་སིངྒལ་རུ་ཆེད་ཕེབས་བྱས་པ་སོགས་ལོ་ངོ་གཉིས་མ་ཟིན་ཙམ་ལ་ཞིབ་འཇུག་བྱས་ནས་བྲིས་པ་ཞིག་ཡིན་འདུག

སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་ཞེས་པའི་དཔེ་དེབ་རྩོམ་པ་པོ་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ནི་བོད་ཨ་མདོ་རྔ་བ་རུ་སྐྱེས་ཤིང་། ཕྱི་ལོ་༡༩༩༢ ལོར་རྒྱ་གར་དུ་འབྱོར་ནས་ཐོག་མར་བོད་ཁྱིམ་སློབ་གྲྭར་བསྐྱོད་ཡོད་པ་དང་། དེ་ནས་ཨ་ལགས་རྗེ་སྤྲུལ་དུ་ངོས་འཛིན་བྱས་རྗེས་དྷ་ས་ཀིརྟི་བྱེས་པ་གྲྭ་ཚང་དུ་ཆོས་ཞུགས་དང་མཚད་ཉིད་གྲྭ་ཚང་ནས་སློབ་གཉེར་གནང་ནས་རིས་མེད་སློབ་དཔོན་གྱི་མཚན་གནས་ཐོབ་པ་དང་། ཁོང་གིས་དཔེ་དེབ་ཁག་ཅིག་བརྩམས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༤༦༣ ཀློག་གྲངས།