རྒྱ་དཀར་ནག་གི་དམག་འཁྲུག་གི་གནས་ཚུལ་རྫུན་མ་ཁྱབ་སྤེལ།

རྒྱ་གར་དང་རྒྱ་ནག་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་འགྲོ་བཞིན་པ་དང་། པ་ཀི་སི་ཐན་གྱི་བརྒྱུད་ལམ་ཆེ་གྲས་ཤིག་གིས། རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་བའི་གནས་ཚུལ་རྫུན་མ་སྤེལ་ནས་ཁྱབ་སྤེལ་ཆེན་པོ་ཕྱིན་པས། རྒྱ་གར་གྱིས་བརྒྱུད་ལམ་ཁང་དེར་སྐྱོན་བརྗོད་བྱས་འདུག

དེ་ཡང་འབྲུག་རྒྱལ་ཁབ་ཀྱི་ས་མཚམས་འབྲོག་ལམ་ཕྱོགས་སུ་རྒྱ་ནག་གི་ལམ་བཟོས་ཡོད་པའི་རྩོད་རྙོག་དང་འབྲེལ་ནས། རྒྱ་གར་དང་རྒྱ་ནག་གཉིས་བར་དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་ཏེ། ས་མཚམས་ཀྱི་རྩོད་རྙོག་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ད་བར་ཕྱོགས་གཉིས་ནས་དམག་འཁྲུག་བརྒྱབ་མེད་ཀྱང་། ཟླ་༧ པའི་ཚེས་༡༨ ཉིན་པ་ཀི་སི་ཐན་གྱི་བརྒྱུད་ལམ་ཆེ་ཤོས་འཛམ་གླིང་གི་གསར་འགྱུར་(DUNIYA NEWS)ཞེས་པ་དེས། འབྲས་ལྗོངས་ཕྱོགས་སུ་ཡོད་པའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ། རྒྱ་ནག་གིས་རྒྱ་གར་ཕྱོགས་སུ་མེ་ཤུགས་འབར་མདེལ་གཡུགས་ནས། ཕྱོགས་གཉིས་བར་དམག་འཁྲུག་ཤོར་བ་དང་། རྒྱ་གར་གྱི་དམག་མི་༡༥༨ བསད་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་རེད། གནས་ཚུལ་དེ་ མི་མང་པོ་ཞིག་གིས་ངོ་དེབ་སོགས་ཀྱི་ཐོག་ཏུ་ཁྱབ་སྤེལ་ཆེན་པོ་བྱས་ཡོད་པ་རེད་དེ། རྒྱལ་སྤྱི་དང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེའི་སྐོར་གང་ཡང་སྤེལ་མེད་པ་རེད།

གནས་ཚུལ་དེ་སྤེལ་ནས་ཆུ་ཚོད་༤ ཙམ་གྱི་རྗེས་སུ། རྒྱ་གར་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། གནས་ཚུལ་དེ་ནི་ཁུངས་མེད་དང་ངན་སེམས་གྱི་དམིགས་ཡུལ་ཡོད་མཁན་ཞིག་ཡིན་པ་དང་། འགན་ཁུར་ཡོད་མཁན་བརྒྱུད་ལམ་སུ་གང་གིས་གནས་ཚུལ་དེར་ངོས་ལེན་བྱེད་མི་རུང་སྐོར་བཀོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༦༥ ཀློག་གྲངས།