རྒྱ་གར་གྱི་སྲིད་འཛིན་འོས་འདེམས་ཀྱི་ལམ་ལུགས།

རྒྱ་གར་གྱི་སྲིད་འཛིན་ནི་མི་མང་གིས་ཐད་ཁར་འོས་བསྡུ་མ་བྱས་པར་འོས་བསྡུའི་འཐུས་ཚོགས་(Electoral College) ཀྱིས་བསྐོ་ཡི་ཡོད་པ་དང་། འོས་བསྡུའི་འཐུས་ཚོགས་དེའི་ནང་རྒྱ་གར་མངའ་སྡེ་ཚང་མ་དང་། དམིགས་གསལ་མངའ་སྡེ་(union territory) པུ་ཌུ་ཅེ་རི་(Puducherry) དང་ལྡི་ལི་(Delhi) བཅས་ཀྱི་གྲོས་ཚོགས་འཐུས་མི། རྒྱ་གར་དབུས་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ཚུད་ཡོད་པ་རེད།

ཡིནའང་རྒྱ་གར་དབུས་གྲོས་ཚོགས་ནང་ཡོད་པའི་ཐད་བསྐོས་འཐུས་མི་རྣམས་སྲིད་འཛིན་གྱིས་བསྐོ་བཞག་བྱེད་ཀྱི་ཡོད་པར་བརྟེན་འོས་བསྡུའི་འཐུས་ཚོགས་དེའི་ནང་ཚུད་ཀྱི་མེད་པ་དང་། རྒྱ་གར་གྱི་སྲིད་བློན་འོས་བསྡུ་དང་མི་འདྲ་བར་སྲིད་འཛིན་འོས་བསྡུའི་སྐབས་དབུས་དང་མངའ་སྡེ་གྲོས་ཚོགས་འཐུས་མིའི་འོས་ཀྱི་རིན་ཐང་མི་འདྲ་བ་ཡོད་པས། འོས་གྲངས་རྩིས་རྒྱག་སྟངས་ཡང་མི་འདྲ་བ་དང་མགོ་རྙོག་ཆེ་བ་ཡོད་པ་རེད།

མངའ་སྡེ་གྲོས་ཚོགས་འཐུས་མིའི་འོས་རིན་རྩིས་རྒྱག་སྟངས་ནི། མངའ་སྡེའི་མི་འབོར་ཁ་གྲངས་དེ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་ཁ་གྲངས་ཀྱིས་བགོས་ཏེ་བྱུང་བའི་ཨང་གྲངས་དེ་སླར་ཡང་༡༠༠༠ དང་བགོས་ཏེ་བྱུང་བའི་ཨང་གྲངས་དེ་ཡིན་པ་རེད།

བྷི་ཧར་མངའ་སྡེ་ལ་མཚོན་ན། མངའ་སྡེའི་མི་འབོར་ཁ་གྲངས་༤༢,༡༢,༦༢༣༦ དང་མངའ་སྡེའི་གྲོས་ཚོགས་འཐུས་མིའི་ཁ་གྲངས་༢༤༣ །
མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་རིན་ནི། (༤༢༡༢༦༢༣༦ / ༢༤༣)/ ༡༠༠༠ = ༡༧༣
བྷི་ཧར་མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་རིན་ཕྱོགས་སྡོམས་ནི། ༡༧༣ x ༢༤༣ = ༤༢༠༣༩
(༢༠༢༦ རྗེས་རྒྱལ་ཡོངས་མི་འབོར་གྲངས་བཤེར་མ་བྱས་བར་ ༡༩༧༡ ལོའི་རྒྱལ་ཡོངས་མི་འབོར་གྲངས་བཤེར་གཞིར་བཟུང་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།)

རྒྱ་གར་དབུས་གྲོས་ཚོགས་འཐུས་མིའི་འོས་རིན་ནི། མངའ་སྡེ་ཡོད་དོ་ཅོག་གི་གྲོས་ཚོགས་འཐུས་མིའི་འོས་རིན་དེ་རྒྱ་གར་དབུས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མིའི་ཁ་གྲངས་ཀྱིས་བགོས་ཏེ་བྱུང་བའི་ཨང་གྲངས་དེ་ཡིན།
དབུས་དང་མངའ་སྡེ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སོ་སོའི་འདོད་མོས་ཆེ་རིམ་ལྟར་ཨང་གྲངས་སྤྲད་དེ་འདེམས་ཀྱི་ཡོད་པ་དང་། དེའི་རྗེས་མོས་འདེམས་དང་པོ་ཡིན་པའི་འོས་མི་རྣམས་དབྱེ་བ་ཕྱེ་སྟེ། ཁྲིམས་མཐུན་ཡིན་པའི་འོས་ཤོག་རྣམས་འོས་རིན་དང་བསྒྱུར་ཏེ་སྡོམས་གྲངས་དེ་འོས་མི་སོ་སོའི་འོས་གྲངས་ཏུ་བརྩི་ཡི་ཡོད་པ་རེད།

སྤྱིར་ཕྱོགས་བསྡོམས་འོས་རིན་མང་ཤོས་བྱུང་བའི་འོས་མི་དེ་ཐོབ་ཀྱི་ཡོད་ཀྱང་སྲིད་འཛིན་བསྐོ་ཞག་བྱེད་པར་འོས་རིན་ཚད་གཞི་ལོན་དགོས་པ་དང་། གལ་ཏེ་འོས་མི་དང་པོའི་འོས་རིན་ཚད་གཞི་མ་ལོན་ཚེ། མཐའ་འཇུག་གི་འོས་མི་དེ་ཕུད་ནས་དེའི་འོས་རིན་ཁ་གྲངས་དེ་གཞན་རྣམས་ལ་བགོས་ཏེ་རིམ་གྱིས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།
ཚད་གཞི་ཐག་གཅོད་བྱ་སྟངས་ནི་ཁྲིམས་མཐུན་ཡིན་པའི་འོས་གྲངས་ཕྱོགས་བསྡོམས་དེ་༢ ཀྱི་བགོས་ཏེ་བྱུང་བའི་གྲངས་དེར་༡ བསྡོམས་ཏེ་བྱུང་བའི་གྲངས་དེ་ཡིན།
དཔེར་ན། ཁྲིམས་མཐུན་ཡིན་པའི་འོས་གྲངས་ཕྱོགས་བསྡོམས་དེ་༡༠༠༠༠༠ ཡིན་ན། ཚད་གཞི་འོད་གྲངས་ནི། (༡༠༠༠༠༠ / ༢)  + ༡ = ༥༠༠༠༡ ཡིན།

སྤྱིར་ད་ལོའི་རྒྱ་གར་སྲིད་འཛིན་འོས་འདེམས་སུ་འོས་མི་༩༥ བྱུང་ཡོད་པ་ལས་༩༣ རྒྱུ་མཚན་གང་རུང་ལ་བརྟེན་རྩིས་མེད་བཏང་ཡོད་འདུག་པས་མཐའ་མའི་འགྲན་སྡུར་ནང་ཡོད་པའི་འོས་མི་གཉིས་ནི། གཞུང་འཛིན་བྷི་ཇེ་པི་དང་ཕྱོགས་མཐུན་ཆབ་སྲིད་ཚོགས་པའི་འོས་མའི་རམ་ན་ཐི་ ཀོ་ཝིན་ཐི་དང། ཁ་གཏད་ཚོགས་པ་ཀོང་རེ་སི་ཕྱོགས་མཐུན་ཆབ་སྲིད་ཚོགས་པའི་འོས་མི་མི་ར་ ཀུ་མར་ཡིན་འདུག ཕྱི་ཟླ་༧ ཚེས་༡༧ ཉིན་འོས་འཕེན་ཟིན་ཏེ་ཚེས་༢༠ ཉིན་གྲངས་བཤེར་བྱས་ནས་ཐག་གཅོད་བྱེད་རྒྱུ་ཡིན་འདུག

གསར་འགོད་པ་བསྟན་འཛིན་དགའ་འཕེལ།

Share this:
༤༦ ཀློག་གྲངས།