བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་དུས་ལ་སླེབས་འདུག་ཟེར།

རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ཞིག་གིས། གྲོས་ཚོགས་ནང་རྒྱ་གར་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་དུས་ལ་སླེབས་ཡོད་སྐོར་བརྗོད་འདུག

ཟླ་༧ པའི་ཚེས་༡༩ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཚོགས་བཞིན་པ་དང་བསྟུན།  གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་སྐུ་ཞབས་མུ་ལ་ཡམ་སིང་ཡ་ཌྭེ་(Mulayam Singh Yadav) ཡིས། རྒྱ་ནག་གིས་པ་ཀི་སི་ཐན་དང་མཉམ་སྦྲེལ་གྱིས་རྒྱ་གར་ལ་དྲག་རྒོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། དེང་གི་ཆར་རྒྱ་གར་ལ་རྒྱ་ནག་ནས་ཉེན་ཁ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་སྐོར་བརྗོད་ནས། སྔར་རྒྱ་གར་གྱིས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པའི་ངོས་འཛིན་གྱི་སྲིད་ཇུས་བཟུང་ཡོད་པ་དེ་ནོར་འཁྲུལ་ཡིན་པ་དང་། གནའ་སྔ་མོ་ནས་བོད་དེ་རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་ཡིན་པས། བོད་ཀྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་དུས་སླེབས་ཡོད་སྐོར་བརྗོད་ཡོད་འདུག

གྲོས་ཚོགས་འཐུས་མི་ཁོང་ནི་དེ་སྔོན་རྒྱ་གར་གྱི་ཡུ་པིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ལས་ཡུན་ཆ་ཚང་མ་རྫོགས་པའི་ཐེངས་གསུམ་དང་རྒྱ་གར་གྱི་བདེ་སྲུང་བློན་ཆེན་གྱི་འགན་ཁུར་མྱོང་ཡོད་པ་རེད།

དེ་བཞིན་ཁོང་གིས་རྒྱ་ནག་གིས་རྒྱ་གར་ལ་དམིགས་ནས་པ་ཀི་སི་ཐན་ནང་རྡུལ་ཕྲན་མཚོན་ཆ་སྦས་ཡོད་སྐོར་དང་། རྒྱ་གར་གྱི་ཁྲོམ་རའི་ནང་རྒྱ་ནག་གི་ཚོང་ཟོག་མང་པོ་ཡོད་པར་སྐྱོན་བརྗོད་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༩༠༧ ཀློག་གྲངས།