རྒྱ་ནག་གིས་དམག་གི་གོ་མཚོན་ཤུགས་ཆེན་བོད་དུ་དབོར་འདྲེན་བྱས་པ།

རྒྱ་ནག་གིས་བོད་བྱང་ཕྱོགས་སུ་དམག་དཔུང་ཤུགས་ཆེན་རྒྱ་བསྐྱེད་བྱས་ཡོད་འདུག་ཅིང་། མེ་འཁོར་ལམ་ཁ་སོགས་གཞུང་ལམ་རྒྱ་ཆེན་པོ་རྣམས་བརྒྱུད་ནས་མྱུར་དུ་བོད་ཀྱི་ཕྱོགས་སུ་ཁེལ་བའི་རྣ་ཐོས་ལ་ངོས་སུ་དམག་དཔུང་བགོ་འགྲེམས་བྱེད་ཐུབ་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༩ ཉིན་རྒྱ་གར་གྱི་དེ་རིང་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་དམག་མིའི་གོ་མཚོན་ཏུན་སྟོང་གི་ལྗིད་ཚད་ཡོད་པ་མང་པོ་བོད་ནང་དབོར་འདྲེན་བྱེད་ཀྱི་ཡོད་འདུག་ཅིང་། དེ་ནི་ཉེ་བའི་བདུན་ཕྲག་ཁ་ཤས་ཀྱི་ནང་དུ་བོད་མཐོ་སྒང་དུ་དམག་འཁྲུག་གི་སྦྱོང་བརྡར་ཐེངས་གཉིས་བྱས་ཡོད་པ་དེའི་གོ་ལག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་མ་ཟད།  འབྲོག་ལམ་དུ་ས་མཚམས་ཀྱི་རྩོད་རྙོག་འགྲོ་བཞིན་པ་དེར་དམིགས་ནས་གོ་མཚོན་དབོར་འདྲེན་བྱས་པ་ཡིན་སྲིད་སྐོར་ལའང་དོགས་པ་བྱེད་བཞིན་ཡོད་འདུག

དམག་དཔུང་ཤུགས་ཆེན་རྒྱ་བསྐྱེད་བྱེད་ཡུལ་ནི་བོད་བྱང་ཕྱོགས་སུ་ཡོད་པའི་ཀུན་ལུན་རི་རྒྱུད་ཀྱི་ལྷོ་ཕྱོགས་སུ་ཡིན་ཞིང་། འབྲས་ལྗོངས་ཀྱི་ཕྱོགས་སུ་ཁེལ་བའི་ས་མཚམས་དང་ཉེ་ས་མིན་རུང་། ལྷ་ས་ནས་གྲོ་མོ་བར་གྱི་མེ་འཁོར་ལམ་ཁ་དང་གཞུང་ལམ་རྒྱ་ཆེན་པོ་རྣམས་བརྒྱུད་ནས་པེ་ཅིང་གཞུང་གིས་ཆུ་ཚོད་༦-༧ ནང་ཚུན་དུ་བོད་ཀྱི་ཕྱོགས་སུ་ཁེལ་བའི་རྣ་ཐོས་ལའི་ངོས་སུ་དམག་དཔུང་བགོ་འགྲེམས་བྱེད་ཐུབ་ཀྱི་ཡོད་འདུག
རྒྱ་ནག་གཞུང་གི་མི་མང་བཅིངས་གྲོལ་དམག་མིའི་ཉིན་རེའི་ཚགས་པར་ཐོག་དམག་དཔུང་རྒྱ་བསྐྱེད་ཀྱི་ལས་གཞི་དེ་ནི་ཟླ་སྔོན་མའི་ཟླ་མཇུག་ནས་བྱས་ཡོད་སྐོར་དང་། ལས་གཞི་དེ་འགོ་འཛུགས་བྱས་མ་ཐག་ཏུ་མེ་འཁོར་ལམ་ཁ་སོགས་འགྲིམ་འགྲུལ་ལམ་ཁ་རྣམས་བརྒྱུད་ནས་གོ་མཚོན་དབོར་འདྲེན་བྱེད་འགོ་བཙུགས་ཡོད་སྐོར་བརྗོད་ཡོད་འདུག་ཀྱང་། ཉེ་བའི་བདུན་ཕྲག་ཁ་ཤས་ཀྱི་ནང་དུ་བོད་མཐོ་སྒང་དུ་དམག་འཁྲུག་གི་སྦྱོང་བརྡར་ཐེངས་གཉིས་བྱས་པ་དེའི་ཆེད་དུ་ཡིན་སྐོར་བརྗོད་མེད་འདུག

རྒྱ་ནག་ཧྲང་ཧཱེ་རུ་དམག་གི་རྟེན་གཞི་ཞིག་གི་དམག་དོན་དཔྱད་བརྗོད་པ་ནཱི་ལེ་ཤོང་ཞེས་པས་བོད་ནང་དམག་གི་གོ་མཚོན་དབོར་འདྲེན་བྱས་ཡོད་པ་དེ་ནི་ས་མཚམས་རྩོད་རྙོག་གི་གནད་དོན་དང་འབྲེལ་བ་ཡོད་སྲིད་པ་དང་། རྒྱ་གར་གྱིས་གྲོས་མོལ་བྱེད་ཐབས་སུ་བྱས་པ་ཞིག་ཡིན་སྲིད་སྐོར་བརྗོད་ཡོད་འདུག་པ་མ་ཟད། རྒྱ་ནག་མི་མང་བཅིངས་གྲོལ་དམག་གིས་རྒྱ་གར་གྱི་དམག་མི་ལས་སླ་པོའི་ངང་དབང་དུ་བསྡུ་ཐུབ་པ་སྟོན་ཆེད་དུ་གོ་མཚོན་འགྲེམས་བཤམ་བྱས་པ་ཞིག་ཡིན་སྐོར་སོགས་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་གསར་ཁང་ལ་བརྗོད་ཡོད་འདུག

གཞན་ཡང་ལྷོ་ཨེ་ཤིའི་ཡའི་སྲིད་ཇུས་ལ་ཆེད་མཁས་པ་ཝང་ཌེ་ཧཱ་ཞེས་པས་དམག་དོན་གྱི་ལས་འགུལ་ཚང་མ་དམག་དཔུང་རྒྱ་སྐྱེད་ཀྱི་དོན་དུ་ཡིན་སྐོར་དང་། དེ་བཞིན་མདོ་དབུས་མེ་འཁོར་ལམ་ཁ་སོགས་བརྒྱུད་ནས་རྒྱ་ནག་མི་མང་བཅིངས་གྲོལ་དམག་གིས་དམག་དཔུང་དང་གོ་མཚོན་རྣམས་ལས་སླ་པོའི་ངང་ནས་རྒྱ་ནག་གི་ཆ་ཤས་སུ་གྱུར་པའི་ས་ཁོངས་རྣམས་སུ་དབོར་འདྲེན་བྱེད་ཐུབ་ཀྱི་ཡོད་སྐོར་སོགས་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༡༡༥ ཀློག་གྲངས།