ཨ་རིའི་བོད་མིའི་རོགས་དངུལ་མུ་མཐུད་སྤྲོད་རྒྱུར་གྲོས་ཚོགས་ནས་རྒྱབ་སྐྱོར།

ཨ་རིའི་སྲིད་འཛིན་ཌོ་ནོལ་ཊོམ་གྱི་ཨ་རིའི་བོད་མིའི་རོགས་དངུལ་ཆ་ཚང་མེད་པ་བཟོ་རྒྱུའི་གྲོས་འགོ་བཏོན་ཡོད་ནའང་། གྲོས་ཚོགས་འོག་མའི་སྔོན་རྩིས་ཚོགས་ཆུང་གིས་རོགས་དངུལ་དེ་ལོ་སྔོན་མ་ལས་མ་ཉུང་བ་ཞིག་མུ་མཐུད་སྤྲོད་རྒྱུར་རྒྱབ་སྐྱོར་བྱས་འདུག

ཟླ་༧ པའི་ཚེ་༢༠ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༨ ལོའི་ཨ་རིའི་རྒྱལ་ནང་དང་ཕྱིའི་རྒྱལ་ཁབ་ཁག་ནང་དུ་ལས་འཆར་ཁག་གི་སྔོན་རྩིས་ཀྱི་གྲོས་འཆར་སྙན་ཐོའི་ནང་། གྲོས་ཚོགས་འོག་མའི་སྔོན་རྩིས་ཚོགས་ཆུང་གིས་ཨ་རིའི་བོད་མིའི་རོགས་དངུལ་དེ་མུ་མཐུད་གནས་རྒྱུ་ཡིན་པ་དང་། དེ་ཡང་ལོ་སྔོན་མའི་རོགས་དངུལ་ལས་མི་ཉུང་བ་ཞིག་སྤྲོད་དགོས་སྐོར་བརྗོད་ཡོད་འདུག
སྔོན་རྩིས་དེ་ཟླ་༡༠ པའི་ཚེས་༡ ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་དང་། ཚོགས་ཆུང་དེས་ཨ་རིའི་སྲིད་གཞུང་ནང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁང་ལ་ཨ་སྒོར་ས་ཡ་གཅིག་གི་འགྲོ་གྲོན་སྤྲོད་རྒྱུའི་རྒྱབ་གཉེར་བྱས་ཡོད་འདུག
དེ་བཞིན་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ཚོར་ཤེས་ཡོན་དང་རིག་གཞུང་སྲུང་སྐྱོབ། ཚོང་ལས་ཡར་ཐོན་སོགས་ཀྱི་ལས་གཞིའི་ཐོག་ལ་རོགས་དངུལ་ས་ཡ་༦ དང་། བོད་ནང་དུ་བོད་མིའི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། དེ་བཞིན་ཡུན་གནས་ཐུབ་པའི་འཕེལ་རྒྱས་སོགས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་༨ ཀྱི་རྒྱབ་གཉེར་ཞུས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༨ ཀློག་གྲངས།