སློབ་མ་བསྟན་འཛིན་ཆོས་དབྱིངས་ཀྱི་གནས་སྟངས་ཛ་དྲག་ཆགས་འདུག

ཟླ་འདིའི་ཚེས་༢༡ དགོང་མོ་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བསྟན་འཛིན་ཆོས་དབྱིངས་མགྱོག་མྱུར་སྨན་བཅོས་ཐུབ་ཆེད་སྨོན་ལམ་ཞིག་འཚོགས་ཡོད་པ་རེད།
སྐབས་དེར་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚན་སོགས་སེར་སྐྱ་མི་མང་ཕེབས་འདུག་ལ། གཞོན་ལྷན་ཚོགས་གཞོན་རྟ་མགྲིན་གྱིས་སློབ་མ་བསྟན་འཛིན་ཆོས་དབྱིངས་ཀྱིས་བོད་ཀྱི་ཆེད་རང་སྲེག་བཏང་བའི་སྐོར་དང་། ཁོང་གི་གཟུགས་པོ་ཤུགས་ཆེན་པོ་ཚིགས་ཡོད་པས། ད་ལྟ་ཧ་ཅང་ཛ་དྲག་ཆགས་ཡོད་སྐོར་ངོ་སྤྲོད་གནང་སོང་།
དེ་ཡང་ཟླ་༧ པའི་ཚེས་༡༤ ཉིན་སློབ་མ་བསྟན་འཛིན་ཆོས་དབྱིངས་ཀྱིས་ཝ་ར་ན་སིའི་གཙུག་ལག་སློབ་གཉེར་ཁང་གི་བུའི་སྡོད་ཁང་གི་རྒྱལ་སྒོའི་འགྲམ་དུ་རང་ལུས་མེར་སྲེག་གནང་ཡོད་པ་རེད། དེ་བཞིན་ཁོང་གིས་ཁ་ཆེམས་ཡི་གེ་ཞིག་བཞག་པའི་ནང་། བོད་ཀྱི་ཆེད་དུ་མེར་སྲེག་གནང་བ་ཡིན་སྐོར་དང་། བོད་ཀྱི་སྐད་ཡིག་ཡག་པོ་སྦྱངས་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༡༦ ཀློག་གྲངས།