ཨ་རིའི་གྲོས་ཚོགས་ཀྱིས་སྲིད་འཛིན་ཊོམ་གྱི་ལག་པ་བསྡམས་པ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨུ་རུ་སུ་དང་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་། གྲོས་ཚོགས་གོང་འོག་གཉིས་ནང་རྒྱབ་སྐྱོར་ཆེན་པོའི་ཐོག་ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུའི་ཁྲིམས་འཆར་གཏན་འབེབས་བྱས་ཡོད་པ་དང་། ཁྲིམས་འཆར་དེ་སྲིད་འཛིན་གྱི་ལས་ཁུངས་སུ་བསྐྱལ་ཡོད་འདུག

ཟླ་༧ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༧ པའི་ཚེས་༢༧ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཨུ་རུ་སུ་དང་བྱང་ཀོ་རི་ཡ། ཨི་རན་བཅས་ལ་དཔལ་འབྱོར་གྱི་ཉེས་ཆད་གསར་པ་གཏོང་རྒྱུའི་ཁྲིམས་འཆར་ལ་འཐུས་མི་༡༠༠ ནས་༩༨ གྱི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། གྲོས་ཚོགས་འོག་མའི་ནང་དེ་སྔོན་ཟླ་༧ པའི་ཚེས་༢༥ ཉིན། འཐུས་མི་༤༢༢ ནས་༤༡༩ ཡི་རྒྱབ་སྐྱོར་ཐོབ་ནས། ཊོམ་གྱི་སྲིད་གཞུང་འགོ་བཙུགས་ནས་ད་བར་སྲིད་དོན་ཚོགས་པ་གཉིས་ཟུང་སྦྲེལ་གྱིས་ཁྲིམས་འཆར་ཞིག་ལ་རྒྱབ་སྐྱོར་ཆེན་པོ་ཐོབ་པ་ཐེངས་དང་པོ་ཡིན་འདུག

ད་ལྟའི་ཆར་ཁྲིམས་འཆར་དེ་ཁྲིམས་དངོས་སུ་གཏན་འབེབས་ཡོང་ཆེད་སྲིད་འཛིན་ཊོམ་གྱི་ལས་ཁུངས་དུ་བསྐྱལ་ཟིན་ཡོད་པ་དང་། ཨ་རིའི་ཕོ་བྲང་དཀར་པོས་ཁྲིམས་འཆར་དེ་གཞུང་འབྲེལ་ཐོག་ནས་ཚུར་བླངས་རྗེས། ཉིན་བཅུའི་ནང་ཚུན་ལ་དེར་མིང་རྟགས་བཀོད་པའམ་དགག་བྱ་བྱེད་དགོས་པ་ཡིན་འདུག

ད་ལྟའི་ཆར་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས། སྲིད་འཛིན་ཊོམ་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཚོགས་པ་དང་ཁོང་གི་ཉེ་འཁོར་གྱི་མི་རྣམས་དང་། ཨུ་རུ་སུ་བར་འབྲེལ་བ་བྱུང་ཡོད་མེད། དེ་བཞིན་ཨུ་རུ་སུས་ཨ་རིའི་འོས་བསྡུའི་ནང་ཐེ་ཇུས་བྱས་ཡོད་པའི་ཉེས་འཛུགས་ལ་རྟོག་ཞིབ་འགྲོ་བཞིན་པའི་སྒང་ཡིན་པ་རེད། གྲོས་ཚོགས་གོང་འོག་གཉིས་ནང་ཨུ་རུ་སུར་ཉེས་ཆད་གཏོང་རྒྱུའི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པར། སྲིད་འཛིན་ཊོམ་གྱིས་ཁྲིམས་འཆར་དགག་བྱ་བྱེད་མི་སྲིད་པ་དང་། ཁྲིམས་འཆར་དེའི་ནང་སྲིད་འཛིན་ཊོམ་གྱིས་ཨུ་རུ་སུའི་དཔལ་འབྱོར་ཉེས་ཆད་ཡང་དུ་གཏོང་རྒྱུའི་དབང་ཆ་ཚད་བཀག་བཟོ་རྒྱུའི་ཆ་རྐྱེན་ཡོད་འདུག ཆ་རྐྱེན་དེའི་ནང་གལ་ཏེ་སྲིད་འཛིན་ཊོམ་གྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ཡང་དུ་གཏོང་རྒྱུ་བྱས་ཚེ། ཐོག་མར་གྲོས་ཚོགས་དང་གྲོས་བསྡུར་བྱེད་དགོས་པ་བཟོས་ཡོད་འདུག གལ་ཏེ་སྲིད་འཛིན་ཊོམ་གྱིས་ཁྲིམས་འཆར་དེར་དགག་བྱ་བྱས་ཚེ། གྲོས་ཚོགས་ནས་དགག་བྱ་དེ་རྩིས་མེད་གཏོང་རྒྱུར་ཐེ་ཚོམས་མེད་སྐོར་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བརྗོད་ཡོད་འདུག

ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་གཏོང་རྒྱུའི་ཁྲིམས་འཆར་དེ་དང་འབྲེལ་ནས། ཨ་རིའི་ཚོང་པ་ཁག་ཅིག་གིས་དེ་སྔོན་གྲོས་ཚོགས་ལ་དེའི་ནང་གི་ཆ་རྐྱེན་ཁག་ཅིག་འགྱུར་བ་གཏོང་ཆེད་ཞུ་གཏུག་བྱས་ཡོད་འདུག་པ་དང། ཨུ་རུ་སུ་དང་ནུས་ཤུགས་ཀྱི་ཚོང་འབྲེལ་ཡོད་པའི་ཡུ་རོབ་ཀྱི་ལུང་པ་ཁག་ཅིག་གིས་སྐྱོན་བརྗོད་བྱས་ཡོད་འདུག

གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དེ་སྔོན་སྲིད་འཛིན་ཨོ་བྷ་མའི་སྐབས་སུ། ཨུ་རུ་སུར་དཔལ་འབྱོར་བཏང་བའི་ཁོངས་སུ་ཨ་རིར་ཨུ་རུ་སུའི་གསང་བའི་ལས་ཁང་ལ་བདག་པའི་ས་ཆ་གཉིས་སྒོ་བརྒྱབ་ཡོད་པ་དེ་དག།སྲིད་འཛིན་ཊོམ་གྱིས་སྒོ་ཕྱེ་སྲིད་པའི་དོགས་པའི་འོག ཐེངས་འདིའི་དཔལ་འབྱོར་ཉེས་ཆད་གསར་པ་དེ་མྱུར་དུ་ཁྲིམས་ལ་གཏན་འབེབས་བྱེད་དགོས་སྐོར་བརྗོད་འདུག

དཔལ་འབྱོར་ཉེས་ཆད་གསར་པ་དེས་ཨུ་རུ་སུའི་བདེ་སྲུང་དང་ནུས་ཤུགས་ཀྱི་ཚོང་ལས་ལ་དམིགས་ཡོད་པ་དང་། ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གྱིས་དཔལ་འབྱོར་ཉེས་ཆད་གསར་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ལ་འགལ་ཡོད་སྐོར་བརྗོད་ནས། རྒོལ་ལན་སློག་རྒྱུའི་སྡིག་ར་བསྐུལ་ཡོད་འདུག

འཛམ་གླིང་ནང་ཆབ་སྲིད་དང་དམག་དོན། དཔལ་འབྱོར་སོགས་ཀྱི་ཤུགས་རྐྱེན་ཁྱབ་སྤེལ་བྱེད་ཆེད། ཨ་རི་དང་ཨུ་རུ་སུ་གཉིས་བར་སྒེར་གྱི་ཁེ་ཕན་ལ་གདོང་ཐུག་བྱུང་བཞིན་ཡོད་ཁར། ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་ཨུ་རུ་སུས་ཐེ་ཇུས་བྱས་ཏེ། སྲིད་འཛིན་ཊོམ་ཐོབ་ཆེད་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧི་ལ་རིར་གནོད་པའི་གནས་ཚུལ་དྲ་ཐོག་ཏུ་ཁྱབ་སྤེལ་བྱས་ཡོད་པའི་དོགས་པའི་འོག་རྟོག་ཞིབ་བྱེད་བཞིན་ཡོད་ཀྱང་། ཨུ་རུ་སུས་ཉེས་འཛུགས་དེར་ད་བར་ངོས་ལེན་བྱས་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༢༡༥ ཀློག་གྲངས།