འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེ་མི་ངོ་མ་ཞིག་ཡིན་དགོས།

དེ་ཡང་འཕྲོས་བཤད་མི་དགོས་པར་རང་རེ་བོད་མི་རྣམས་ཀྱིས་བཀུར་འོས་བཀའ་བློན་ཁྲི་པ་དེ་ང་ཚོ་མི་སྒེར་སོ་སོའི་བརྩེ་བའི་ཕ་མ་གཉིས་ལས་ཀྱང་གཙིགས་ཆེ་བའི་སྐྱབས་དང་བློ་གཏད་བཅོལ་ཡུལ་ལྟ་བུ་ཞིག་ཏུ་སྣང༌། དཔེར་ན་ཁྱིམ་ཚང་ཞིག་ལ་གཞིགས་ཏེ་བཤད་ན་ཁྱིམ་དེའི་ཕ་མ་གཉིས་ཀ་གལ་ཏེ་གང་ཅིའི་ཐད་ལེགས་པོ་ཞིག་བྱུང་ན་དེ་གཉིས་པོར་བྱུང་བའི་བུ་ཕྲུག་རྣམས་ཀྱང་ལེགས་པོ་འབྱུང་གི་ཡོད། དེ་ནི་ཁྱིམ་ཚང་བྱེ་བྲག་གཅིག་གི་གནད་དོན་ཞིག་རེད།
གལ་ཏེ་རང་རེ་བོད་མི་ཚོའི་བཀའ་བློན་ཁྲི་པ་དེ་ལྷག་བསམ་དང༌། ཤེས་ཡོན་ལྡན་པ། སྤོབས་པ་དང༌། ཕུགས་བསམ་ལྡན་པ་མ་ཟད་ཞུམ་མེད་ཀྱི་སྙིང་སྟོབས་ཅན་ཞིག་བྱུང་བ་ཡིན་ན་བོད་མི་ས་ཡ་དྲུག་གི་མི་མང་རྣམས་ཀྱང་དེ་ལྟ་བུའི་གསོན་ཉམས་ལྡན་པ་ཞིག་འབྱུང་ངེས་པ་ངས་ཁ་ཚོན་གཅོད་ཐུབ།  གང་ལྟར་བཀའ་ཁྲི་ནི་ང་ཚོ་བོད་མི་རྣམས་ཀྱི་སྐྱབས་དང་རེ་བ་བྱེད་སའི་དགུན་གྱི་ཉིན་བྱེད་དང་དབྱར་གྱི་ལྗོན་པ་ཇི་བཞིན་དང་མཚུངས། ཡང་རང་རེ་བཙན་བྱོལ་ཁྲོད་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེ་འདབ་གཤོག་གཉིས་ལྡན་ཞིག་ཡིན་དགོས་ཞེས་རླུང་ལྟར་ཁ་གཅིག་གྲག་བྱེད་ཀྱི་འདུག དེ་བདེན་པ་རེད། ཡིན་ཡང་ངས་བསམ་ན་འདབ་གཤོག་གཉིས་ཙམ་མ་ཟད་གསུམ་ལྡན་ཡང་ལྷག་བསམ་དང་སྙིང་སྟོབས་ཅན་ཞིག་མེད་པའི་མི་རྫུན་མ་ཞིག་ཡིན་ན་རང་རེ་གཞིས་བྱེས་གཉིས་ཀྱི་བོད་མི་ཚོའི་དགོས་མཁོ་སྐོང་མི་ཐུབ་པའི་ཁར། སྔར་ཡོད་ལས་ཀྱང་ཇེ་སྡུག་ཏུ་འགྱུར་ཉེན་ཆེ། དེར་ལྟར་འབྱུང་འགྱུར་གྱི་བོད་མིའི་བཀའ་ཁྲི་དེ་གནའ་དེང་གི་ཤེས་ཡོན་ལྡན་པ་གང་ཞིག་ལྷག་བསམ་དང་སྙིང་སྟོབས་ཅན་གྱི་གསར་གཏོད་བྱེད་ཐུབ་མཁན་གྱི་མི་ངོ་མ་ཞིག་ཡིན་དགོས། གཞན་དེང་གི་དུས་འདིར་མི་ངོ་མ་ཞིག་མཐོང་རྒྱུ་དཀོན་ཞིང་བཙལ་ཡང་རྙེད་དཀའ་མོད། ངའི་རེ་བ་དང་ཡིད་ཆེས་ལ་འབྱུང་འགྱུར་གྱི་བཀའ་ཁྲི་དེ་བོད་མི་ཚོས་མི་ངོ་མ་ཞིག་འདེམས་ཐུབ་པའི་བཀྲ་ཤིས་བདེ་ལེགས་ཞུ།།

Share this:
༡༦༠ ཀློག་གྲངས།