ས་འགུལ་ཁྲོད་ཀྱི་ངོ་གདོང་གཞན་ཞིག

འདི་ནི་ཕྱོགས་དུ་མ་ཞིག་བརྒྱུད་ནས་ཆེས་དམིགས་བསལ་བ་ནས་ཆེས་སྤྱིར་བཏང་བའི་རྣམ་པར་འཕོས་ཤིང་མངོན་པར་གྱུར། དཔེར་ན། དང་ཐོག་གསར་འགོད་པས་བོད་རིགས་མཐོ་རིམ་མི་སྣ་སོགས་ལ་བཅར་འདྲི་བྱེད་སྐབས་ཆོས་ལུགས་ཀྱི་ལྟ་བའི་སྐད་ཆ་ཅི་ཞིག་བཤད་ཀྱང༌། དེ་ནི་ནང་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བ་ཡོད་པར་ཐད་བརྗོད་བྱེད་མཁན་དཀོན་པར་མ་ཟད། སྲོལ་རྒྱུན་རིག་གནས་ཞེས་བརྒྱུད་བརྗོད་ཀྱི་རྣམ་པར་བརྟེན་གྱི་ཡོད། རིམ་གྱིས་གནས་ཚུལ་དང་གནད་དོན་མང་པོ་ཞིག་མི་རིགས་རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་གྱི་གྲུབ་ཆ་དང་འདྲེས་ཡོད་པས། ཆུ་ལོག་བཞིན་རང་བྱུང་གིས་བརྡོལ་བའི་སྣང་ཚུལ་འདི་ཉིད་འགོག་ཏུ་ག་ལ་གཏུབ་སྟེ། དགོན་སྡེ་དག་དང་མི་མང་ནས་གནོད་སྐྱོན་ཐེབས་པའི་ས་ཁུལ་གྱི་ཆེད་དུ་བསྔོ་བ་སྨོན་ལམ་གསུངས་པ་དང༌། མཆོད་མེ་སྒྲོན་པ། མ་ཎི་རྡོ་བརྐོས་བྱེད་པ། དར་ལྕོག་འཐེན་པ། སྦྱིན་གཏོང་བྱེད་པ་སོགས་ཆོས་ལུགས་ཆོ་ག་དང་འབྲེལ་བའི་ལས་འགུལ་རྒྱ་ཆེན་པོ་སྤེལ་བ་མ་ཟད། གྲྭ་པ་དག་གིས་ཀྱང་གཞན་ཕན་གྱི་ལས་དོན་དངོས་སུ་ལག་ལེན་དུ་བསྟར་ཕྱིར་དཀའ་ངལ་ལ་འཕྲད་པའི་མང་ཚོགས་ཀྱི་ཁྲོད་ཞུགས་ཏེ་རླབས་ཆེ་བའི་བྱ་གཞག་བསྒྲུབ་འགོ་ཚུགས་པས། ཆོས་ལུགས་ལ་མི་དགའ་བའི་སྲིད་གཞུང་གིས་ཀྱང་མི་རིགས་ཀྱི་རང་གཤིས་སུ་གྲུབ་པའི་ཆོས་ལུགས་རིག་གནས་ཀྱི་སྣང་ཚུལ་འདི་ཡང་བསྒྱུར་དུ་མེད་པར་གསར་འགྱུར་བརྒྱུད་ལམ་དག་ཏུའང་རང་དབང་མེད་པར་རྦ་རླབས་བཞིན་མངོན་ཞིང་འཕྱུར་འགོ་བརྩམས་བྱུང༌།

བོད་རིགས་གསར་འགོད་པ་དག་གིས་ཀྱང་སྔར་བྱུང་མ་མྱོང་བ་ཞིག་ནི་ལག་ལ་མ་ཎིའི་ཕྲེང་བ་ཐོགས་ཤིང༌། ཁ་ནས་ཀྱང་གཞན་ཕན་སྙིང་རྗེ་དང་རྗེ་བདག་ཉིད་ཆེན་པོའི་གསུང་སོགས་ལུང་འདྲེན་ཡང་ཡང་བྱས། སློབ་གྲྭ་ཁག་ཏུའང་ཞལ་འདོན་སྐྱོར་བའི་གནས་ཚུལ་རབ་དང་རིམ་པ་བྱུང་ལ། དེ་མིན་སྐྱོ་སྡུག་གིས་ཆེད་དུ་གྱེར་བའི་གཞས་པ་དག་གི་གླུ་སྐད་ཀྱི་ཁྲོད་དུའང་ཆོས་ལུགས་དང་འབྲེལ་བའི་ཚིག་རིས་མང་པོ་གཅིག་རྗེས་གཉིས་མཐུད་དུ་བྱུང༌། ཐེངས་འདིའི་ས་ཡོམ་ནི་རང་བྱུང་ཁམས་ཀྱི་གོད་ཆག་ཆེན་པོའི་སྣང་ཚུལ་ཞིག་ཡིན་པ་དང༌། ས་ཡོམ་ཁྲོད་ཀྱི་མི་དག་གི་སེམས་ཁམས་ཀྱང་རང་བྱུང་གིས་འཕྱུར་བའི་ཆོས་ཉིད་ཀྱི་སྣང་ཚུལ་དུ་གྲུབ་པའི་ངོས་གཞན་ཞིག་ཀྱང་ཡིན། དེས་ན་སྣང་ཚུལ་འདི་ལས་ཆེས་གསལ་ཞིང་དྭངས་པའི་སྐད་སྒྲ་ཞིག་ཐོས་པ་ནི་མི་མང་དག་གི་སྐྱོ་སྡུག་གི་ངུ་འབོད་ཡིན། ངུ་འབོད་ཀྱི་ཁྲོད་དུ་ཆེས་གསལ་ཞིང་དྭངས་པའི་ངོས་གཞན་ཞིག་ནི་རྒྱལ་བ་བསྟན་འཛིན་རྒྱ་མཚོས་མཁྱེན་ཞེས་མཆི་མ་དང་བཅས་ཏེ་གསོལ་འདེབས་ཀྱི་འབོད་སྒྲ་འཛེམས་བག་མེད་པར་ཕྱོགས་ཕྱོགས་ནས་བསྒྲགས་བྱུང༌། དེ་ནི་ཡུན་རིང་ཁོ་ཚོའི་སེམས་ཁམས་སུ་བག་ལ་ཉལ་བའི་ན་ཟུག་གི་གསང་བ་ཞིག་སྟེ། འདི་ནི་གོ་སྐབས་ཤིག་དམ་འཛིན་བྱས་ཏེ་བྱུང་བ་ཞིག་མ་ཡིན་པར། བག་ལ་ཉལ་བའི་ན་ཟུག་གི་སྟོབས་ཤུགས་དེ་ཉིད་ཕྱི་རོལ་གྱི་སྣང་ཚུལ་གང་གིས་ཀྱང་འགོག་ཏུ་མེད་པར་བརྡོལ་བའི་སྟོབས་ཤུགས་གཞན་ཞིག་ཀྱང་ཡིན། དེ་བས་ཀྱང་ཆོས་ལུགས་ཀྱི་སྣང་ཚུལ་གསལ་པོར་མཚོན་ཐུབ་པ་ཞིག་ནི། ཁང་རྩེག་བརྡིབས་པའི་རྩིག་རོའི་འོག་ནས་རྒྱལ་བ་རིན་པོ་ཆེའི་སྐུ་པར་གང་མང་བྱུང་བ་དང༌། དེས་མ་ཚད་གནོད་སྐྱོན་ཐེབས་པའི་མི་མང་གིས་རྒྱ་གཞུང་ལ་ཆེད་དུ་སྙན་ཞུ་ཕུལ་ཏེ། ངེད་ཅག་གི་སྡུག་བསྔལ་སེལ་དགོས་ན་རྒྱལ་བ་རིན་པོ་ཆེ་ངེས་པར་དུ་བོད་ཡུལ་ལ་ཕེབས་སུ་འཇུག་དགོས་ཚུལ་གྱི་རེ་བ་བཏོན་པ་མ་ཟད། བཤད་ཡམས་གསར་པ་ཞིག་ནི་སྐྱེ་རྒུ་མདོའི་མཁའ་དབྱིངས་སུ་གྱེན་འཕུར་གནམ་གྲུ་ཞིག་ལྡིང་སྐོར་ཡང་ཡང་བརྒྱབ་པ་ཡང་སྐྱབས་མགོན་རིན་པོ་ཕེབས་པ་རེད་ཅེས་དད་པའི་ཐལ་མོ་སྦྱར་བ་དང་གསོལ་འདེབས་ཕུར་ཚུགས་སུ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད། འདི་ལྟར་དད་མོས་རིག་གནས་ཀྱི་སྟོབས་ཤུགས་ནི་ལྡོག་ཏུ་ག་ལ་ཡོད། གྲྭ་པ་དང་དམག་མི་དག་གི་བར་ལ་མྱུར་སྐྱོབ་ལས་འགུལ་ཁྲོད་དུ་འདོད་བློ་མ་ཚིམས་པའི་འགལ་ཟླ་ཡང་ཡང་བྱུང་བ་ཡང་གཞན་ཕན་རིག་གནས་ཀྱི་ཧེ་བག་ལས་བྱུང་བའི་འགལ་ཟླ་ཞིག་ཏུ་གྱུར་ཡོད།

ཡིན་ཡང༌། རྒྱ་གཞུང་གིས་རྣ་གཅིག་འོན་པ་དང་མིག་གཅིག་ལོང་བའི་ཚུལ་གྱིས་གནས་ཚུལ་དང་གནད་དོན་མང་པོ་ཞིག་སྣང་མེད་དུ་འཇོག་བཞིན་ཡོད་ཀྱང༌། མི་མང་དང་དགེ་འདུན་པའི་སེམས་ཁམས་ཀྱི་ན་ཟུག་གཏན་དུ་འཇགས་ཐབས་མེད་པས་མཐར་སྐྱེ་དགུ་གེ་སར་ཐང་ཆེན་ནས་རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག་ཅེས་འུ་ཐུག་གི་སྐྱོ་གདུང་དང་ན་ཟུག་ཕྱིར་མངོན་བྱེད་པའི་གནས་ཚུལ་དེ་བྱུང་བ་རེད། དེ་ལ་རྒྱ་གཞུང་དངངས་སྐྲག་ཆེས་ཆེར་སྐྱེས་ཏེ་མྱུར་མོར་དང་བླང་དུ་ཕེབས་པའི་དགེ་འདུན་པ་ཁྲི་སྟོང་མང་པོ་སྐྱེ་རྒུ་མདོ་ནས་ཕྱིར་ཕུད་གཏོང་བའི་བཀའ་རྒྱ་བསྒྲགས། ཡིན་ནའང༌། བོད་རིགས་མི་མང་གིས་ཞལ་འདེབས་ཀྱི་རླངས་འཁོར་མང་པོ་སྐྱེ་རྒུ་ཕྱོགས་སུ་མུ་མཐུད་དུ་བསྐྱོད་བཞིན་ཡོད། འདི་ཡང་ཆེས་མི་མངོན་པའི་སྟོབས་ཤུགས་ཤིག་ཡིན་པས། སྟོབས་ཤུགས་འདི་ཉིད་མ་འོངས་པའི་ཁ་ཕྱོགས་ཤིག་ཀྱང་ཡིན་པས། རྒྱ་གཞུང་གིས་དམག་མིས་སྟོབས་ཤུགས་ལ་བརྟེན་ནས་གནས་སྐབས་མཐར་སྐྲོད་བྱས་ཟིན་པའི་དགེ་འདུན་པའི་གནས་ཚུལ་དེ་དང་མཚུངས་ཐབས་མེད། བོད་མིའི་སེམས་ཁམས་ཀྱི་ཆིག་སྒྲིལ་ནི་རིག་གནས་ཀྱི་སྟོབས་ཤུགས་ཤིག་དང༌། དད་མོས་ཀྱི་སྟོབས་ཤུགས་ཡིན་པས་ཇི་སྲིད་མི་རིགས་འདི་ཉིད་ཀྱི་སེམས་ཁམས་ཀྱི་རིག་གནས་རྨེག་མེད་མ་བཏང་བར་དེ་སྲིད་དུ་སྟོབས་ཤུགས་འདི་ཉིད་འཇིག་པ་ཡོད་མི་སྲིད། དད་མོས་ཀྱི་རིག་གནས་འདི་ནི་གློ་བུར་དུ་འཐོར་ཞིག་འགྲོ་མི་སྲིད་ལ། རིག་གནས་གཞན་གྱིས་ཡོངས་སུ་སྒྲིབ་ཐབས་ཀྱང་མེད་པ་ཞིག་ཡིན། དེར་བརྟེན་ཐེངས་འདིར་ཡང་ཏང་གི་དར་དམར་འོག་ནས་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་དག་ཆེས་གསལ་པོ་མངོན་པ་རེད། འདི་ནི་ས་ཡོམ་ཁྲོད་ཀྱི་སྟོབས་ཤུགས་ཀྱི་ཟུར་ངོས་གཞན་ཞིག་ཀྱང་ཡིན་ནོ།།

Share this:
༨༡ ཀློག་གྲངས།