༧གོང་ས་མཆོག་གི་ཆིབས་བསྒྱུར་ཕྱིར་འཐེན་གནང་རྗེས་རྒྱ་ནག་གི་སྐད་ཆ་འཇམ་དུ་ཕྱིན་པ།

༧གོང་ས་མཆོག་གིས་སྐུ་ངལ་གསོ་ཆེད་དུ།  ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་བྷོ་ཙ་ཝ་ནར་འཚོག་རྒྱུ་ཡིན་པའི་སེམས་དང་ཚེ་སྲོག་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་ཕྱིར་འཐེན་གནང་ཡོད་པ་དང་། དེ་རྗེས་རྒྱ་ནག་གཞུང་གིས་དེ་སྔོན་གྱི་སྐད་ཆ་དག་ལས་འཇམ་དུ་བཏང་ནས་བྷོ་ཙ་ཝ་ན་དང་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་ཟླ་༨ པའི་ཚེས་༡༥ ནས་༢༠ བར་༧གོང་ས་མཆོག་བྷོ་ཙ་ཝ་ནར་ཆིབས་བསྒྱུར་བསྐྱང་འཆར་ཡོད་པ་དང་། དེའི་རིང་ཟླ་༨ པའི་ཚེས་༡༧ ནས་ཉིན་གསུམ་རིང་གི་སེམས་དང་ཚེ་སྲོག་གི་ལྷན་ཚོགས་ལ་ཡང་ཆིབས་བསྒྱུར་བསྐྱང་འཆར་ཡོད་པ་རེད། དེ་སྔོན་རྒྱ་ནག་གིས་རྒྱལ་ཁབ་དེར་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་སུ་འཇུག་ཚེ་མི་འགྲིག་པའི་ཉེན་བརྡ་མང་པོ་བཏང་ཡོད་ཀྱང་། བྷོ་ཙ་ཝ་ནས་རྒྱ་ནག་གི་གནོན་ཤུགས་འོག་ཏུ་མ་སོང་བར། ༧གོང་ས་མཆོག་གི་ཕེབས་བསུ་ཕྱིའི་རྒྱལ་ཁབ་ཀྱི་གནས་ཡོད་མི་སྣ་ལྟར་གནང་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད། འོན་ཀྱང་ཟླ་༨ པའི་ཚེས་༡༡ ཉིན་༧གོང་ས་མཆོག་གིས་བྷོ་ཙ་ཝ་ནའི་སྲིད་འཛིན་ཨེན་ཀ་མ་དང་། སེམས་དང་ཚེ་སྲོག་ཚོགས་པའི་འགན་འཛིན་སུ་སེན་ཝུ་གཉིས་ལ་གསུང་འཕྲིན་རེ་གནང་ནས། ༧གོང་ས་མཆོག་ནས་མཛད་རིམ་མང་དག་ཅིག་བསྐྱངས་གནང་ཡོད་པས། སྐུ་ངལ་ངོ་བརྒྱལ་ཆེན་པོ་བྱུང་ཡོད་པ། དེ་བཞིན་ དགུང་ནའི་བབ་ཀྱི་ཆ་ནས་ཀྱང་དགུང་གྲངས་༨༢ ཕེབས་པར་བརྟེན་སྐུ་ཐང་ཆད་པ་མ་ཟད།  ༸སྐུའི་བླ་སྨན་གྱིས་ཀྱང་འབྱུང་འགྱུར་བདུན་ཕྲག་ཁ་ཤས་ཀྱི་རིང་ཐག་རིང་པོར་ཆིབས་སྒྱུར་མི་བསྐྱང་ནས། སྐུ་ངལ་གསོ་གནང་མཛད་དགོས་པའི་ལམ་སྟོན་ཞུས་ཡོད་པས། ཐེངས་འདིར་ཆིབས་བསྒྱུར་བསྐྱང་ཐུབ་རྒྱུ་མིན་པ་དང་ཐུགས་ཕམ་ཡོད་སྐོར་གསུངས་ཡོད་པ་རེད།

ཟླ་༨ པའི་ཚེས་༡༥ ཉིན་རྒྱ་གར་གྱི་དཔལ་འབྱོར་དུས་བབ་སྟེང་གནས་ཚུལ་སྤེལ་གསལ། ༧གོང་ས་མཆོག་གི་ཆིབས་བསྒྱུར་དེ་ཕྱིར་འཐེན་གནང་སྟེ་ཉིན་ཤས་སོང་རྗེས། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། རྒྱ་ནག་གིས་བྷོ་ཙ་ཝ་ན་ཡི་འབྲེལ་བ་དང་མཛའ་འབྲེལ་གྱི་མཉམ་ལས་གལ་ཆེན་པོ་བརྩི་ཡི་ཡོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཡག་ཕྱོོགས་སུ་འཕེལ་རྒྱས་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་པ། དེ་བཞིན་“རྒྱ་ནག་གིས་ཏཱ་ལའི་བླ་མ་ལས་དོན་དང་མིང་གང་རུང་ཐོག་ནས། རྒྱལ་ཁབ་གང་དུ་རྒྱ་ནག་གི་ཁ་གཏད་ཀྱི་བྱ་སྤྱོད་སྤེལ་དུ་འགྲོ་བར་ངོ་རྒོལ་ཤུགས་ཆེན་ཡོད་”ཅེས་བརྗོད་ཡོད་འདུག

བྷོ་ཙ་ཝ་ན་ནང་དུ་རྒྱ་ནག་གཞུང་གི་བདག་བཟུང་འོག་ཡོད་པའི་ཚོང་ལས་ཁང་གིས། འཛུགས་བསྐྲུན་གྱི་ལས་གཞི་ལ་འཇུག་བཞིན་ཡོད་སྐོར་གྱི་གནས་ཚུལ་ཡང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༨ ཀློག་གྲངས།