རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་དེ་ཧྥ་རན་སིར་འཚོག་རྒྱུ།

ཕྱི་ལོ་༢༠༡༦ ལོར་ཨ་རིའི་ནིའུ་ཡོག་ཏུ་འཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་གསུམ་པའི་སྐབས་གྲོས་ཆོད་བཞག་པ་ལྟར། ཚོགས་ཆེན་ཐེངས་བཞི་པ་དེ་ཟླ་༨ པའི་ཚེས་༢༡ ནས་༢༣ བར་ཡུ་རོབ་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་ཉིན་གསུམ་རིང་འཚོག་རྒྱུ་ཡིན་པ་རེད་འདུག

ཐེངས་འདིའི་གོ་སྒྲིག་ཚོགས་ཆུང་གིས་བརྗོད་དོན་ལྟར་ན། ད་ལན་གྱི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པའི་ཐོག་བོད་མི་མང་སྤྱི་འཐུས་དང་། བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་གྱི་བོད་མིའི་ཚོགས་སྡེ་ཁག ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བའི་ཚོགས་སྡེ་ཁག  རྒྱ་གར་དང་བལ་ཡུལ་བཅས་ནས་ཆེད་དུ་གདན་ཞུས་མི་སྣ་ཁག གཞན་ཡང་ཨ་རི་དང་། དབྱིན་ཡུལ། ཁེ་ན་ཌ། ཡོ་རོབ་རྒྱལ་ཁབ་ཁག  ཨོ་སི་ཀྲོ་ལི་ཡ། ཐེ་ཝན་སོགས་ནས་ཚོགས་ཞུགས་བོད་མི་དང་།  བོད་དོན་རྒྱབ་སྐྱོར་བ་སོགས་ཚོགས་ཞུགས་པ་མི་ཉིས་བརྒྱ་ལྷག་མཉམ་འཛོམས་ཐུབ་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

དེ་བཞིན་ཚོགས་ཆེན་ཐོག་རྒྱ་ནག་མང་གཙོ་དོན་གཉེར་བ་དང་། བོད་རང་བཙན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་རིགས་མཁས་དབང་། བོད་ཀྱི་གནས་སྟངས་དང་མཚུངས་བའི་ཡུལ་གྲུ་སྟེ། ཐེ་ཝན་དང་ཧོང་ཀོང་། སོག་པོ་དང་ཤར་ཏུར་ཀི་སེ་ཐན་སོགས་ཀྱི་རང་བཙན་ཆེད་ལུས་འགུལ་སྤེལ་མཁན་ཁག་ཅིག་ཀྱང་ཆེད་དུ་གདན་ཞུས་ཀྱིས་སྐབས་ཐོག་གི་བརྗོད་གཞིའི་ཐོག་བགྲོ་གླེང་དང་བསམ་ཚུལ་རྒྱུས་ལོན། མཉམ་མྱོང་བརྗེ་རེས་སོགས་བྱ་འཆར་ཡོད་པ་མ་ཟད། བོད་མི་ནང་ཁུལ་ལ་མང་གཙོའི་གོ་རྟོགས་དང་བརྡ་འཕྲིན་དུས་རབས་ནང་ལས་འགུལ་སྤེལ་སྟངས་བཅས་ཀྱི་ཐོག་ཟབ་སྦྱོང་ཡང་སྤྲོད་འཆར་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༦༧ ཀློག་གྲངས།