དཔྱིད་ཀ་སླེབས་ཀྱི་རེད།

བཀུར་འོས་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པའི་གོ་སྒྲིག་ཚོགས་མི་རྣམ་པ་དང་། ཚོགས་བཅར་བ་རྣམ་པ། ང་ལ་མགྲོན་བརྡ་གནང་ཡང་ངོ་བཅར་མ་ཐུབ་པར་དགོངས་སེལ་ཞུ་ཞིང་། ཚོགས་འདུ་ལམ་ལྷོང་ཡོང་བའི་རེ་སྨོན་ཡོད།

༧རྒྱལ་དབང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་གནང་ནས་མི་ལོ་ཆིག་བརྒྱ་འཁོར་བའི་ཕྱི་ལོ་༢༠༡༣ ལོའི་དུས་ཚིགས་གལ་ཆེན་དེར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་རྒྱས་པ་བསྐོང་འཆར་དེ་ཉིད། ཆེན་པོ་མཐོན་པོ་རྣམ་པས་ཉེས་འཛུགས་འགོག་སྡོམ་བྱས་ཏེ། བོད་རྒྱ་ཞི་མོལ་ཟེར་བ་དང་འབྲེལ། རྒྱ་ལ་ངོ་སྲུང་བསྟུན་མཁས་ཆེད་ཡིན་ནམ། ཡང་ན་དེ་མིན་སུ་ཞིག་གི་དགོས་མཁོ་དང་། གང་ཞིག་གི་གཡོ་འཁྲུལ་བསྡེབས་ཤིང་། ལོ་དུས་དེ་ནས་བཟུང་རང་བཙན་གྱི་ལངས་ཕྱོགས་ལྡན་པའི་ཚོགས་སྡེ་དང་། མི་སྒེར་རེ་རེ་བཞིན། ཉེས་མེད་ཉེས་འདོགས་ཀྱི་འཇིགས་སྐུལ་འོག རང་བཙན་སེམས་པའི་མེ་ལྕེ་ཁོག་ནས་འབར་ཡང་། རང་བཙན་དགོས་པའི་དུ་བ་ཁ་ནས་གཏོང་མི་ཕོད་པའི་དུས་ངན་ཞིག་ཏུ་བསྐྱལ།

དེ་ནི་བཙན་བྱོལ་བོད་མིའི་དམངས་གཙོ་དང་། འཐབ་རྩོད་ཀྱི་ལོ་རྒྱུས་ལ་གསུབ་ཏུ་མེད་པའི་ནག་ཐིག་དང་། དྲི་རྟགས་ཤིག་ཅི་ལ་མིན། སྐྱ་ཆད་སྔོ་སྡུག་གི་དུས་ངན་འདིར། ཁྱེད་ཚོས་དེ་རིང་ཧྥ་རན་སི་རྒྱལ་ས་ནས་བོད་རང་བཙན་གྱི་ཚོགས་ཆེན་འདི་ལྟ་བུ་ཞིག་བསྡུ་སྐོང་དང་། ལྷན་འཛོམས་གནང་བ་ནི། རྒྱལ་ཞེན་དང་། སྙིང་སྟོབས། བློས་གཏོང་དང་། རེ་བའི་ལག་འཇུ་དོན་སྙིང་ཅན་ཞིག་སྟེ། ཡབ་མེས་ཀྱི་ཡིག་ཚང་ལ་ཡིད་ཆེས་དང་། འདས་པའི་དཔའ་བོ་དཔའ་མོ་རྣམ་པའི་ཞལ་ཆེམས་ལ་བརྩི་བཀུར་ཞུས་པའི་བཟང་སྤྱོད་ངོ་མ་ལགས་པས། ཁྱེད་རྣམས་ལ་ཁ་བྲོ་ཚེ་རིང་ཞུ།

ལོ་རྒྱུས་ཀྱི་བདེན་དོན་དང་། དཔའ་བོ་དཔའ་མོ་རྣམ་པའི་བློས་གཏོང་། མ་འོངས་བུ་ཚ་ཚོའི་མདུན་ལམ་ཆེད། རང་བཙན་གྱི་སོན་རྩ་དེ་ཉིད། འཆི་མི་འཇུག་པར། དད་པ་སྒེར་ཆོས་དང་། རྒྱལ་ཞེན་སྤྱི་ཆོས་ཡིན་པའི་གོ་རྟོགས་སད་པའི་དཔྱིད་ཀའི་དུས་བཟང་བར་དུ་བོད་རང་བཙན་རང་སེམས་ནས་སྔར་བཞིན་ཡིད་ཆེས་ཀྱིས་ཉར་ཏེ། རང་ཁ་ནས་སྔར་བཞིན་སྤོབས་པས་གླེང་སྟེ། ཚོགས་འདུ་དང་། སྐད་འབོད། རྩོམ་ཡིག་སོགས་ཀྱི་ལམ་ནས་བོད་རང་བཙན་ཞེས་པའི་ཡིག་འབྲུ་གསུམ་དེ་རང་ངོ་རང་ཤེས་ཀྱི་དཔྱིད་ཀའི་དུས་བཟང་བར་དུ་གཅེས་ཉར་ཐུབ་དགོས་ཕ་བཟང་གི་བུ་ཚོ། མ་བཟང་གི་རྒྱུད་ཚོ།

འཐབ་གྲོགས་རྣམ་པ། སྙིང་སྟོབས་ཞུམ་མེད་ཀྱིས་རང་རིགས་ལ་ཡིད་ཆེས་བྱོས་དང་། ནམ་ཞིག་ཧ་ལོག་པའི་དོན་དངོས་ཤེས་དུས། རང་བཙན་གྱི་ས་བོན་འདེབས་པའི་དཔྱིད་ཀའི་དུས་བཟང་ཞིག་སླར་ཡང་འཆར་ཡོང་བ་མ་ཟད། རང་བཙན་གྱི་འབྲས་བཟང་སྨིན་པའི་རྒྱལ་ཁའི་ལྷན་འཛོམས་ཀྱི་སྟོན་དུས་དེ་ཡང་ང་ཚོས་ཡིད་ཆེས་དང་། འགན་འཁུར་གྱིས་མཉམ་དུ་བསུ།

སྨག་ནག་པའི་བྱེ་ལམ་སྐྱ་བོ་ལས། རྒྱང་རིང་ཟླ་བའི་འོད་རླབས་སེམས་པས་བཀུགས་ཤིང་། དཀའ་སྡུག་གི་གོམ་ཁས་རང་ལམ་བསྙེགས། ཁོར་ཡུག་ལ་མུན་ནག་གི་རྔམས་ཁ་མཐུག་ཀྱང་། ང་ཚོའི་རང་བཙན་སླར་གསོའི་དམིགས་འདུན་ནི། ལོ་རྒྱུས་ཀྱི་བདེན་དོན་དང་། རྒྱལ་ཁབ་ཀྱི་རྩ་དོན་ཡིན་པས། ཡིད་ཆེས་དང་རེ་བའི་གོམ་ཁ་བརྟན་དགོས།

དཀའ་སྡུག་ཁྲོད་རེ་བས་གོམ་ཁ་མདུན་དུ་སྐྱོད་དང་། ཏན་ཏན་སང་གི་སྐྱ་རེངས་མ་ཤར་གོང་དུ་ང་ཚོ་སླེབས་དགོས་ས་དེར་འབྱོར་ངེས་ཡིན། དེ་དུས་སྐྱ་རེངས་ཀྱི་འོད་ངོགས་ནས་འགན་འཁུར་དང་། འཐོབ་བྱ་དེ་ཐུན་མོང་གི་རིན་ཐང་དང་། བུ་ཚ་ཚོར་ཤུལ་བཞག་གི་མདུན་ལམ་ཡིན།

བོད་རང་བཙན་གྱི་དོན་དུ་ང་ཚོས་ཉེས་ཁག་དང་། དཀའ་སྡུག་མཉམ་དུ་ཁུར། འགན་སེམས་དང་གསོན་སེམས་ཀྱིས་མཉམ་དུ་ཁུར། སྤོབས་སེམས་དང་རེ་བས་མཉམ་དུ་ཁུར།

ཡུལ་གྱར་བ་ངས་ཀྱང་བོད་རང་བཙན་གྱི་བདེན་དོན་རྩ་འཛིན་དང་། རང་ཡིད་རང་ཆེས་ཀྱིས་བོད་རང་བཙན་ཆེད། སྔ་རྗེས་ཟས་བཅད་ངོ་རྒོལ་དང་། སྤྱི་ལེ་སྟོང་ཕྲག་དུ་མའི་གོམ་བགྲོད་སོགས། རང་འགན་རང་འཁྱེར་གང་ཐུབ་བྱས་པའི་ལེགས་གསོལ་དུ་དད་པ་དང་། སྐུ་ཚེ་ཉུང་འཕྲིའི་ཞྭ་ནག་གཡོགས་ཤིང་། བླ་སློབ་བར་དབྱེན་དཀྲུག་བྱས་པ་མ་ཟད། ནང་མི་ལ་ཡང་བསམ་མི་ཕོད་པའི་དཀའ་སྡུག་སྤྲད་དེ། ང་དང་ངའི་རང་བཙན་གྱི་སེམས་འདུན་གསོད་ཐབས་སྣ་ཚོགས་བྱས་སོང་ཡང་། ངའི་སེམས་ཁོང་ནས་དད་དམ་གྱི་སྡོམ་པ་ཤོར་མེད་ལ། རང་བཙན་གྱི་དམ་བཅའ་དེ་བས་ཀྱང་བཏང་མེད་པར། ང་ད་དུང་ཡང་སྔར་བཞིན་གསོན་ནས་ཡོད།

མདོར་ན་ང་བསད་སོང་ཡང་། ང་ཤི་མེད་པར། རང་བཙན་གྱི་དོན་དུ་ད་དུང་ཡང་ཉེས་འདོགས་ཅི་ཞིག་བྱུང་ཡང་གཉའ་མི་ཞུམ་པར། བོད་རང་བཙན་སླར་གསོའི་སྙིང་སྟོབས་དང་། འབད་འབུངས་འགྱུར་བ་མེད་པའི་ཆོད་སེམས་འདི་ཉིད། དེ་རིང་ཁྱེད་རྣམས་ལ་འཚམས་འདྲིའི་ཚུལ་དུ་སྤོབས་པས་འབུལ། དེ་རིང་ཡིག་ཆུང་འདི་ཉིད་ཀྱང་ངའི་ཚེ་སྲོག་མ་འཇིགས་བར་དུ་ངའི་རང་བཙན་གྱི་འབད་པ་མུ་མཐུད་མདུན་དུ་སྐྱོད་ངེས་པའི་རྣམ་འགྱུར་ཞིག་ཡིན།

ཕུ་ནུ་མིང་སྲིང་རྣམ་པ།  སྤྱིར་འཐབ་རྩོད་ཀྱི་ངོ་བོ་ནི། འགན་འཁུར་དང་བློས་གཏོང་ཡིན་པས། སྡིག་སྨོད་དང་གནོན་ཤུགས་འོག་རྒྱབ་བཤིགས་མེད་པར། མུ་མཐུད་དམིགས་ཡུལ་ཆེད་མདུན་དུ་སྐྱོད་དགོས།

ཅི་སྟེ་མཐའ་མར་རང་སྲོག་འབུལ་དགོས་ཀྱང་ཕྱིར་སྣུར་མི་འོས། དེ་ནི་དོན་དམ་གྱི་འཐབ་རྩོད་དང་། རྒྱལ་ཞེན། ལ་རྒྱ་དང་། རིན་ཐང་། བཟང་སྤྱོད་དང་། འགན་འཁུར་ཡིན།

འཐབ་རྩོད་ཀྱི་གོ་རིམ་ཁྲོད། སྐབས་འཚོལ་གྱི་གོ་སྐབས་དང་སྒེར་གྱི་ཁེ་ཕན་ནམ་ཡང་དང་དུ་ལེན་མི་རུང་ལ།  གཉའ་གནོན་འོག་ནས་འཐབ་རྩོད་ཀྱི་དོན་དུ་གླེང་ཕྱོགས་ཀྱི་མི་ཁ་ཕོག་པར་འཇིགས་མི་དགོས།

རང་བཙན་གྱི་ཚོགས་སྡེའི་ལས་སྣེ་ལས་ཟུར་ཁག་ཅིག་གིས་དེ་སྔོན་རང་བཙན་གྱི་གཏམ་བཤད་དང་། བསམ་ཚུལ་སུ་ལས་ངར་བ་བཤད་དེ། གང་ཞིག་ཐོབ་པ་དང་གང་ཞིག་བཤད་པ་རྣམས་དེང་སྐབས་གཏིང་བརྗེད་སོང་བ་ལྟར། དེང་སྐབས་རང་བཙན་མི་གླེང་བ་མ་ཟད། རང་བཙན་དོན་དུ་གཉེར་མཁན་གྱི་གང་ཟག་དང་། བསམ་སྤྱོད་རྣམས་ནོར་འཁྲུལ་ཡིན་པ་དང་། རང་ཉིད་དེ་རིགས་ལ་འབྲེལ་བ་མེད་ཚུལ་གྱིས་དད་པ་གླེང་ནས་རང་ཉིད་གཙང་མ་བཟོ་ཐབས་ཀྱི་འཁྲབ་སྟོན་དེས་ཁོང་ཚོའི་མི་གཤིས་དང་། འདས་དོན་བསམ་དུས་ཨ་ཁ་དེ་འདྲའི་ངོ་གདོང་མཐུག་ཅིང་། འཁྲབ་སྟོན་མཁས་པ་ལ་ཨང་སྙམ་པའི་སྐྱོ་ཤས་དང་མཉམ་དུ་མི་གཞིའི་རིན་ཐང་དང་། ལ་རྒྱ་ཞེས་པར་དེ་བས་བསམ་གཞིགས་ཀྱིས་དྲན་སློང་བྱེད།

གནས་བབས་དེ་འདྲའི་སྐབས་འདིར་ཁྱེད་རྣམ་པས་བོད་རང་བཙན་ཚོགས་ཆེན་བསྡུ་སྐོང་ངོ་བཅར་ཕོད་པ་ནི། ངོ་མ་སྙིང་སྟོབས་ཀྱི་དན་རྟགས་དང་། མི་གཞིའི་རིན་ཐང་མངོན་པས། ཁྱེད་རྣམས་ལ་སེམས་པས་གཅེས་ཤིང་། རེ་བས་བཀུར།

བོད་ཁ་སྟབས་སྐྱོ་ཞིང་། བཙན་བྱོལ་ནང་དུ་བོད་ཞེན་བཅོམ་ཞིང་། རྒྱ་ཞེན་སློབ་པའི་སྐྱོ་ངོགས་འདིར། བོད་དོན་ལས་འགུལ་གྱི་མིང་ཐོག་ནས་དགྲ་བོའི་དར་དམར་འཕྱར་ཅིང་། རྒྱ་རྒན་གྲོངས་དུས་གཞུང་འབྲེལ་དང་ཚོགས་སྡེ་རང་བཞིན་གྱི་མྱ་ངན་འདུ་འཛོམས་བྱེད་དེ། བོད་ཀྱི་རུས་རྐང་ཆུ་རུ་འགྱུར་བའི་རྒྱ་དགའ་མགོ་འདོགས་ཀྱི་སྤྱི་ཚོགས་འདིར། ངེས་པར་བོད་མི་རེ་རེ་དང་ལྷག་པར་ཤེས་ཡོན་ཅན་དང་། འཐབ་རྩོད་པ་ཚོར་རང་ཚུགས་དང་བློས་གཏོང་གི་མི་གཤིས་དགོས། དེ་བས་བོད་ཞེན་རྒྱ་འཁོན་གྱི་ན་ཟུག་བརྗེད་མི་རུང་བ་ནི། ང་ཚོའི་ལ་རྒྱ་དང་། འཚོ་གནས་ཡིན།

བོད་རང་བཙན་བོད་མིའི་ཆིག་སྒྲིལ་གྱི་སྦྲེལ་ཐག་ཡིན་པ་བཞིན། དེ་རིང་གོ་ལའི་ཤར་ནུབ་དུ་མ་ནས་ཁྱེད་ཕུ་ནུ་མིང་སྲིང་རྣམས་བོད་རང་བཙན་ཞེས་པའི་ཡིག་འབྲུ་གསུམ་གྱིས་ལྷན་དུ་འཛོམས་སྟེ། ཇི་ལྟར་བོད་མིའི་རྒྱལ་ཞེན་སྙིང་སྟོབས་གོང་སྤེལ་དང་། དགྲ་བོ་རྒྱ་ནག་གི་འོག་ནས་མེས་པོའི་རྒྱལ་ཁབ་སླར་གསོའི་གྲོས་ཁ་སྡུར་བ་ནི། ངོ་མ་ཅི་འདྲའི་མི་ཚེའི་རིན་ཐང་དང་། གཟི་བརྗིད་ཅིག

དེ་རིང་གི་ཚོགས་ཆེན་དེ་དགྲ་བོ་ནག་པོ་རྒྱ་ལ་གངས་ཅན་པས་མགོ་བོ་མི་སྒུར་བའི་ཀི་ཤར་ལན་ཅིག་ཡིན་ལ། བོད་རང་བཙན་སླར་གསོའི་སྙིང་སྟོབས་མི་ཞུམ་པའི་འབོད་སྒྲ་རྣོན་པོ་སྟེ། མདོར་ན་དགྲ་བོའི་ངན་ཇུས་རྡ་སར་སླེབས་ཞིང་། རྡ་ས་ནས་མཐོ་པོ་ཆེན་པོ་ཚོས་དགྲ་བོའི་དགོས་འདུན་ལྟར། ཉེས་འདོགས་སྣ་ཚོགས་པས་རང་བཙན་གྱི་མགོ་བོ་གནན་ཀྱང་། རུས་པ་ཅན་ཚོས་ནམ་ཡང་ཕ་ས་མི་གཏོང་ལ། བདག་དབང་ནམ་ཡང་མི་འདོར་བའི་དམ་བཅའ་ནན་གྱིས་བསྐྱར་དུ་བསྒྲགས་པ་ཡིན།

མཚམས་འདི་ནས་ཀླད་ལ་རྒྱ་ཅན་དང་། མགོ་རུས་པ་ཅན་གྱི་ཕོ་རྒོད་སྲིད་བློན་ཀླུ་ཁང་པ་དང་། གུར་སྟེང་ཀུན་བཟང་། ཨ་འབྲུག་མགོན་པོ་བཀྲ་ཤིས། སྟག་འཚེར་སྲས་འཇིགས་མེད་ནོར་བུ་སོགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་རྣམ་ཤེས་ལ་མཆོད་ཅིང་བསྟོད། ཁོང་རྣམས་ང་ཚོ་མགོན་ཞིང་སྐྱོབ་པའི་ལྷ་སྲུང་ཡིན།

གངས་ཅན་པའི་ཕུ་ནུ་མིང་སྲིང་རྣམ་པ། ཁོང་ཚོ་ནི། ངེད་མདོ་དབུས་ཁམས་གསུམ་གྱི་ཕོ་ཡི་རབ་དང་། མོ་ཡི་མཆོག་དག་ཡིན། མ་མཐའ་ཡང་ཁོང་ཚོས་ཁྲོ་བ་དགྲ་བོ་རྒྱ་ལ་བསྟན་ཅིང་། གཅེས་སེམས་གངས་ཅན་བོད་ལ་བཞག་སྟེ། ཚེ་སྲོག་བློས་བཏང་ནས་བོད་ལ་མགོན་སྐྱབས་མཛད་པ་དངོས་བྱུང་གི་ལོ་རྒྱུས་ཤིག་ཡིན་པ་ལས། ཀུན་རྟོག་གི་ལྷ་སྒྲུང་མིན།

ཁོང་ཚོ་ནི། ང་ཚོའི་ལ་རྒྱའི་མགོ་བོ་དང་། རྒྱལ་སྲུང་བདེན་སྐྱོང་གི་ཕོ་ཉ་ཡིན་པས། ཁོང་ཚོར་སློབ་སྦྱོང་དང་། ཁོང་ཚོའི་རྗེས་སུ་འབྲངས།

སྤུན་ཟླ་ཚོ། བོད་ཀྱི་ཁ་རྗེ་དབང་ཐང་དང་། བོད་རང་བཙན་གྱི་ཆེད་དུ། ཁོང་ཚོ་དྲན་བཞིན་ཆིག་སྒྲིལ་གྱི་ལག་ཟུང་སླར་ཡང་དམ་པོར་སྒྲེང་རན། ཁོང་ཚོ་དྲན་བཞིན་དད་པ་སྒེར་ཆོས་དང་། རྒྱལ་ཞེན་སྤྱི་ཆོས་ཡིན་པའི་གོ་རྟོགས་སད་རན།

གནས་དུས་གང་དུ་ཡང་ང་ཚོ་བོད་དང་། བོད་མིའི་དགྲ་བོ་རྒྱ་ནག་ཡིན་པ་ལས། བོད་པ་ནང་ཁུལ་མིན་པས། ནང་ཁུལ་མགོ་བདེ་བརླག་འཚོང་མཁན་ཚོས་ཉེས་ཁག་དང་། དབྱེ་འབྱེད་དཀྲུག་ཤིང་ཇི་ལྟར་བྱས་རུང་། ང་ཚོའི་ངོས་ནས་དགྲ་གཉེན་ནོར་མི་རུང་བར། འུ་ཅག་གི་དབུ་འཁྲིད་དང་རང་གཞུང་ལ་གོང་བཀུར་མཐོ་ཚད་དུ་ཉར་ཏེ། འགན་འཁུར་ལ་དང་ལེན་དང་། དམངས་གཙོ་ལ་ཡིད་ཆེས་ངང་རང་བཙན་གྱི་མངོན་འདོད་སྒྲུབ་ཕོད་པ་དང་། དབུ་འཁྲིད་དང་རང་གཞུང་གི་ནོར་འཁྲུལ་གླེང་ཕོད་པ་བྱས་ནས་རང་དོན་རང་གཅེས་ཀྱི་རྣམ་དཔྱོད་དང་། ཁོག་རྒྱ་དགོས་པ་ལས། རང་གནོད་རང་ཕུང་གི་མགོ་གཡོགས་མགོ་སྐོར་དང་། ནང་ཁུལ་འབུར་འཇོམས་ཀྱི་བློ་ཆུང་ནམ་ཡང་མི་འོས།

ཕྱི་ལོ་༢༠༡༣ ལོ་ནས་ད་བར་གྱི་ལོ་ཟླ་དེ་དག་བཙན་བྱོལ་ནང་ནས་དགྲ་བོ་རྒྱ་ནག་ལ་ངོ་རྒོལ་གྱི་གྲངས་ཚད་ཉུང་ཤོས་དང་། ཚད་གཞི་དམའ་ཤོས་ཀྱི་དུས་ཚིགས་ཤིག་སྟེ། ང་ཚོས་བློས་གཏོང་མགོ་འདོགས་ཅི་ཙམ་བྱས་ཀྱང་། དུས་ཡུན་དེའི་རིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལྐོགས་བཀྲོངས་བྱས་པ་མ་ཟད། དེང་གི་གསེར་རྟ་བླ་རུང་དང་། ཡ་ཆེན་ཆོས་སྒར་ནི། དགྲ་བོ་རྒྱ་ནག་གིས་བོད་གཉེན་དུ་མི་བཟུང་བའི་དཔེ་མཚོན་དང་། ནམ་ཡང་བོད་གསོན་དུ་མི་འཇུག་པའི་ཁ་ཕྱོགས་ཏེ། བོད་དུ་རིག་གནས་གསར་བརྗེའི་མེ་རླབས་ད་དུང་ཡང་འབར་བཞིན་པའི་དུ་བ་ཡིན།

དེ་ལྟར་རྒྱལ་ཁབ་འཕྲོགས་པའི་བཙན་རྒྱལ་རིང་ལུགས། ཕ་ནོར་བཅོམ་པའི་ཇག་པ་ནག་པོ། ཕ་ཁུ་གསོད་པའི་དགྲ་བོ་ལག་དམར། རྒྱ་ནག་ང་ཚོའི་དགྲ་བོ་ཡིན།

རྒྱ་ནག་ང་ཚོའི་བསྟན་དགྲ་དང་། སྤྱི་དགྲ། སྒེར་དགྲ་སྟེ། དགྲ་བོའི་དྭངས་མ་རྒྱ་ནག་ཡིན་པས། དེ་རིང་བོད་རང་བཙན་ཚོགས་ཆེན་གྱི་རྒོལ་ས་དང་། སྡང་ས་ཡང་དགྲ་བོ་རྒྱ་ནག་ཡིན།

དགྲ་བོ་རྒྱ་ཡིས་གཞིས་བྱེས་ཁ་བྲལ་གྱིས་སྤུན་ཟླ་ཁྲི་འབུམ་མནར་གཅོད་དང་། མེ་སྒྱོགས། མེ་མདའ། མེ་དཔུང་ཁྲོད་ནས་བསད་སོང་བས། ཤ་འཁོན་དེ་དག་དང་། ཚེ་སྲོག་དེ་དག་གི་ཞལ་ཆེམས་དོན་དུ་དགྲ་བོ་ལ་འཛིངས། དགྲ་བོ་ལ་རྒོལ། དཔའ་ངར་སྐྱེད། ལ་རྒྱའི་མགོ་བོ་ཡར་ལ་བཏེགས། ཤ་འཁོན་གྱི་ཁུ་ཚུར་གནམ་ལ་སྒྲེངས། བཙན་འཛུལ་གྱི་སྤྲིན་ནག་ཁྲོད་ནས་རང་དབང་རང་བཙན་གྱི་ཉི་གཞོན་བསུ། རྒྱལ་ཁབ་སླར་གསོའི་ལོ་རྒྱུས་འབྲི

 

བོད་མིའི་སྙིང་སྟོབས་རྒྱལ་ལོ།

དཔའ་རྒོད་ཚོའི་ཞལ་ཆེམས་རྒྱལ་ལོ།

བོད་རང་བཙན་རྒྱལ་ལོ།

སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་ཕྱི་ལོ་༢༠༡༧ ཟླ་༨ ཚེས་༢༠  ཉིན་ནིའུ་ཡོག་ནས་ཕུལ།། །།

Share this:
༨༦ ཀློག་གྲངས།