བོད་མིའི་ལུས་རྟེན་ཐོབ་ནས་བཟུང་འགན་འཁྲི་ཆེན་པོ་ཞིག་ཡོད་རེད།

བོད་མིའི་ལུས་རྟེན་ཐོབ་ནས་བཟུང་། འཛམ་གླིང་གི་ཁྱད་ནོར་བོད་ཀྱི་ཆོས་རིག་སྲུང་སྐྱོབ་སོགས་མི་རིགས་དང་འབྲེལ་བའི་འགན་འཁྲི་ཆེན་པོ་ཞིག་ཡོད་སྐོར་དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་བྷི་ཀིརྟས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༢༡ ཉིན་དྷ་སའི་ཉེ་འཁྲིས་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ། མཐོ་སློབ་དེའི་སློབ་ཕྲུག་གཞོན་ནུ་རུ་ཁག་གི་གོ་སྒྲིག་འོག སཱ་ར་བོད་རིག་པའི་བགྲོ་གླེང་ཐེངས་༡༡ པའི་དབུ་འབྱེད་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་བྷི་ཀིརྟ་ངག་དབང་ཀུན་དགའ་ཐེག་མཆོག་འགྱུར་མེད་རྡོ་རྗེ་རིན་པོ་ཆེ་དང་། དམིགས་བསལ་སྐུ་མགྲོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ། རིགས་སློབ་མ་ལག་གཉིས་ཀྱི་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ། སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་སོགས་སྐུ་མགྲོན་རྣམ་པ་དང་། མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་འཛོམས་གནང་འདུག

ད་ཐེངས་ཉིན་༣ རིང་གི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་དེ་ས་སྐྱ་བས་བོད་ལ་དབང་བསྒྱུར་བའི་རིང་བོད་ཀྱི་ཆོས་སྲིད་རིག་གནས་དར་སྤེལ་སྐོར་གླེང་བ་ཞེས་པ་དེ་ཡིན་ཞིང་། དེ་བགྲོ་གླེང་གི་བརྗོད་གཞི་རུ་བདམས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་འདི་ལོའི་ཕྱི་ཟླ་༣ པའི་ཕྱི་ཚེས་༩ ཉིན་ས་སྐྱའི་ཁྲི་འཛིན་༤༢ པ་གསེར་ཁྲིར་མངའ་གསོལ་ཞུས་པ་དང་འབྲེལ། ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེར་སཱ་ར་མཐོ་སློབ་ཀྱི་སློབ་མ་རྣམས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཁོང་ལ་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་རེད་འདུག་ལ། བགྲོ་གླེང་ཐོག་གདན་ཞུའི་མཁས་དབང་རྣམས་དང་། མཐོ་སློབ་དང་དགོན་སྡེ་ཁག་༡༥ ཙམ་ནས་ཚོགས་བཅར་བ་༦༠ ཡས་མས་མཉམ་ཞུགས་ཀྱིས་ས་སྐྱ་བས་བོད་ལ་དབང་བསྒྱུར་བའི་སྐབས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྒྱུ་རྩལ། རིག་གནས་ཀྱི་གནས་བབ་བཅས་ཀྱི་ཐོག་བགྲོ་གླེང་བྱ་རྒྱུ་རེད་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཁོན་གདུང་ཨ་བྷི་ཀིརྟས་བཀའ་སློབ་བསྩལ་དོན་དུ།“ཚང་མས་མཁྱེན་གསལ་ལྟར། ང་རང་ཚོར་མི་ལུས་ཤིག་ཐོབ་ནས་བཟུང་། མི་རེ་ངོ་རེར་སོ་སོ་སྒེར་གྱི་མི་ཚེ་དང་འབྲེལ་བའི་འགན་འཁྲི་མི་འདྲ་བ་རེ་ཡོད་རེད་ལ། དེ་དང་ཕྱོགས་མཚུངས་མི་རིགས་ཤིག་གི་འགན་འཁྲི་ཡང་སོ་སོའི་ཕྲག་ཐོག་ཏུ་ཡོད་རེད། འགན་འཁྲི་དེ་ཚེ་འདིའི་ལྟོ་གོས་སྒྲུབ་བྱེད་ཙམ་མ་རེད། ཚེ་འདིའི་ལྟོ་གོས་སྒྲུབ་བྱེད་ཀྱི་འདོད་པ་དང་མོས་པ་རྣམས་ནི་དུད་འགྲོ་ལ་ཡང་ཡོད་རེད། ང་རང་ཚོ་མི་ལ་རྣམ་དཔྱོད་དང་ཤེས་ཡོན་ཕུལ་དུ་བྱུང་བ་ཡོད་སྟབས། དེ་ལ་ལྟོས་པའི་འགན་འཁྲི་ཡང་གཞན་དང་མི་འདྲ་བ་དམིགས་བསལ་ཞིག་ཡོད་རེད། ཆོས་རྗེ་ས་པཎ་གྱིས། བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་།། བསྒྲུབ་པར་ནུས་པ་མ་ཡིན་ནམ།། ཞེས་གསུངས་ཡོད་རེད། ལྷག་པར་དུ་ང་རང་ཚོར་བོད་མིའི་ལུས་རྟེན་ཞིག་ཐོབ་ནས་བཟུང་། དམིགས་བསལ་མི་རིགས་དང་འབྲེལ་བའི་འགན་འཁྲི་ཆེན་པོ་ཞིག་ཡོད་རེད། ད་ལྟ་ང་རང་ཚོའི་མཐོང་ཆོས་སུ་ཡོད་པའི་འགྲོ་བ་མིའི་རིགས་ཀྱི་ཚེ་འདིའི་བདེ་སྐྱིད་གཅིག་པུའི་ཆེད་དུ་ཕྱི་ནང་གི་དགོས་མཁོའི་དངོས་པོ་འཚོལ་སྒྲུབ་བྱེད་རྒྱུ་དེ་མ་རེད། དེ་ཙམ་ཡིན་སོང་ན་བོད་མི་རིགས་འདིས་མི་རིགས་གཞན་དང་མ་འདྲ་བའི་དམིགས་བསལ་གང་ཡང་བསྟན་མ་ཐུབ་ཆགས་ཡོད་རེད། བོད་མི་ཞིག་ཡིན་ནས་བཟུང་། ཐུན་མོང་དུ་འཁུར་དགོས་པའི་འགན་འཁྲི་དེ་ག་རེ་རེད་ཟེར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་ཡང་ཡང་དུ་གསུང་བཞིན་པ་ལྟར། ང་རང་ཚོས་འཛམ་གླིང་གི་ཁྱད་ནོར་དེ་སྲུང་སྐྱོབ་དང་རྒྱུན་སྐྱོང་། འཕེལ་རྒྱས་གཏོང་རྒྱུ་དེ་ཆགས་བསྡད་ཡོད་རེད་བསམ་གྱི་འདུག དེ་འདྲའི་ལས་འགན་དེ་བསྒྲུབ་མ་ཐུབ་ན། ང་རང་ཚོས་མི་རིགས་གཞན་དང་ཁྱད་པར་དམིགས་བསལ་གང་ཡང་བསྟན་མི་ཐུབ་པ་ཆགས་ཀྱི་ཡོད་རེད།” ཅེས་དང་། དེ་བཞིན་ཁོང་གིས་ཉེས་པ་ཐམས་ཅད་ཀྱི་རྩ་བ་དེ་བདག་འཛིན་ཆགས་ཡོད་ཅིང་། དེའི་གཉེན་པོ་བདག་མེད་རྟོགས་པའི་ཐབས་ཤེས་རབ་དང་བཅས་པ་བསྟན་པའི་གཞུང་ལུགས་ལས་ལྷག་པ་ཞིག་བདེ་སྐྱིད་འབྱུང་བའི་གཞི་མེད་སྐོར་དང་། བདག་མེད་རྟོགས་པའི་ཐབས་ཤེས་རབ་དང་བཅས་པ་བརྗོད་བྱ་རུ་བྱས་ནས་བསྟན་པའི་ནང་པ་སངས་རྒྱས་པའི་གསུང་རབས་ཆ་ལག་དང་བཅས་པ་འཛམ་གླིང་གི་ཁྱད་ནོར་ངོ་མ་དེ་ཆགས་ཀྱི་ཡོད་སྐོར། དེ་དག་ཆ་ཚང་བ་མ་ནོར་བ་བོད་ཀྱི་སྐད་ཡིག་ནང་ཡོད་སྟབས་བོད་པ་རྣམས་ལ་འཛམ་གླིང་ལ་ཞབས་འདེགས་སྒྲུབ་རྒྱུའི་འོས་འགན་ཡོད་སྐོར་དང་། བོད་ཀྱི་སྐད་ཡིག་ཡག་པོ་སྦྱོང་རྒྱུ་གལ་ཆེན་ཡིན་སྐོར། ནམ་ཞིག་བོད་བརྒྱུད་ནང་བསྟན་གཞན་གྱི་སྐད་ཡིག་ནང་ཆ་ཚང་བ་མ་ནོར་བར་བསྒྱུར་མ་ཐུབ་ཀྱི་བར་དུ་དེ་སྲུང་སྐྱོབ་ཀྱི་ཐབས་ལམ་ཡག་ཤོས་ཅིག་བོད་ཀྱི་སྐད་ཡིག་གཙོས་པའི་རིག་གནས་རྣམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་སྐོར་བཅས་གསུངས་སོང་ལ།

ཡང་ཁོང་གིས་མི་རྣམས་ཀྱིས་བདེ་སྐྱིད་ཐོབ་ཕྱིར་དུ་ཕྱིའི་དངོས་པོའི་ཐད་ནས། ཟླ་བ་དང་སྐར་མའི་ཐོག་ལ་འགྲོ་བསྐྱོད་ཐུབ་པའི་འཕྲུལ་ཆས་དང་། ཁོག་པའི་སྙིང་བརྗེ་ཐུབ་མཁན་གྱི་ལག་རྩལ། རྒྱལ་ཁམས་དང་གྲོང་ཁྱེར་སྐར་ཆ་ཁ་ཤས་ནང་རྡུལ་དུ་བརླག་ཐུབ་པའི་མཚོན་ཆ། ཐ་ན་བཙོག་པ་བཏང་རྗེས་རང་འགུལ་ཐོག་འཕོངས་གཙང་མ་བཟོ་བའི་མཐུན་རྐྱེན་སྐྲུན་པ་སོགས་སྔོན་ཆད་མིང་ཙམ་ཡང་གོ་མ་མྱོང་བ་མང་པོ་ཞིག་གསར་གཏོད་བྱས་ཡོད་ཁར། ནང་ཤེས་རིག་གི་ཐད་ནས་ཀྱང་དངོས་ཁམས་རིག་པ་དང་། ཀླད་རྩ་རིག་པ། རྒྱུ་སྐར་འཁོར་བགྲོད་ཀྱི་རིག་པ། མིའི་སྐྱེ་ཁམས་རིག་པ། དཔལ་འབྱོར་རིག་པ་སོགས་སྔོན་མ་མིས་མ་དྲན་པ་མང་པོ་གསར་གཏོད་བྱས་ཡོད་ཀྱང་དེ་དག་ལ་བརྟེན་ནས་གནས་སྐབས་ཀྱི་བདེ་བ་ཙམ་འབྱུང་ཐུབ་པ་ལས་བདེ་སྐྱིད་རྣལ་མ་ཞིག་སྐྱེ་མི་ཐུབ་པ་དང་། དེང་སང་འཛམ་གླིང་གི་དཔྱད་ཞིབ་པ་རྣམས་ཀྱིས་རྒྱུ་ནོར་ཆེན་པོ་ཐོབ་མཁན་རྣམས་ལ་བརྟག་དཔྱད་བྱས་ཡོང་དུས་སྔར་མེད་པའི་བདེ་སྐྱིད་གསར་པ་མ་ཐོབ་པ་མ་ཟད། སྡུག་བསྔལ་འཕར་མ་མང་དུ་འགྲོ་ཡི་ཡོད་སྐོར། མ་འོངས་པར་བོད་རིག་པའི་བགྲོ་གླེང་དེ་ལྟ་བུ་མུ་མཐུད་ནས་འཚོགས་རྒྱུ་གལ་ཆེན་ཡིན་སྐོར་སོགས་བཀའ་སློབ་ཟབ་རྒྱས་གསུངས་སོང་།

དེ་བཞིན་དམིགས་བསལ་སྐུ་མགྲོན་ཤེས་རིག་དྲུང་ཆེ་ཀརྨ་སེང་གེས་སློབ་ཕྲུག་རྣམས་ཀྱིས་མ་བསྐུལ་དང་བླངས་ཐོག་ཕྱག་ལས་གནང་བར་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཞུས་གནང་སོང་ལ། དེ་བཞིན་ཁོང་གིས་སློབ་མ་ཚོའི་ངོས་ནས་དངོས་བྱུང་ལོ་རྒྱུས་ལ་ཤེས་རྟོགས་ཐུབ་པ་བྱས་ནས་རྒྱ་མིས་ལོ་རྒྱུས་རྫུན་བཟོ་བྱེད་བཞིན་པར་ལན་འདེབས་གནང་ཐུབ་པ་ཞིག་ཡོང་ཐུབ་རྒྱུ་གལ་ཆེ་སྐོར་དང་། ཉེ་ཆར་བོད་པ་ནང་ཁུལ་དུ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་བ་དང་། བོད་པ་མི་ཚོང་རྒྱག་མཁན་བྱུང་བ། དེ་བཞིན་དུག་རྫས་ལོངས་སུ་སྤྱོད་མཁན་འབྱུང་བཞིན་པ་བཅས་ལས་གཞོན་སྐྱེས་ཚོའི་ཁྲོད་དུ་བོད་མིའི་ཡ་རབས་སྤྱོད་བཟང་ཉམས་པའི་རྟགས་ཡོད་ཀྱང་། དེ་དག་གི་ཐོག་ལ་ཤུགས་སྣོན་བྱ་རྒྱུ་གལ་ཆེ་སྐོར། སློབ་མ་ཞིག་གི་ངོས་ནས་སྤྱི་སྒེར་གཉིས་ཀྱི་ཆེད་དུ་སློབ་སྦྱོང་ལ་བརྩོན་ལེན་འབད་པ་ཆེན་པོའི་སྒོ་ནས་བྱ་རྒྱུ་གལ་ཆེ་སྐོར་སོགས་ཀྱི་གསུང་བཤད་གནང་སོང་།

མཛད་སྒོའི་ཐོག་རིགས་སློབ་མ་ལགས་གཉིས་ཀྱི་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་གྱིས་བོད་ཡིག་རྩོམ་ཡིག་རྩེ་ཕུད་སོན་མཁན་སློབ་མ་༦ དང་དབྱིན་ཡིག་རྩོམ་ཡིག་རྩེ་ཕུད་སོན་མཁན་སློབ་མ་༡ བཅས་ལ་བྱ་དགའ་བསྩལ་སོང་ལ། དེ་བཞིན་སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་གིས་མཐོ་སློབ་ངོ་སྤྲོད་ཀྱི་གསུང་བཤད་ཀྱང་གནང་སོང་།

སཱ་ར་མཐོ་སློབ་གཞོན་ནུ་རུ་ཁག་གིས་ལོ་ལྟར་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་རྗེས་དྲན་དུ་འཛིན་གྲྭ་ནང་ཁུལ་དུ་ལག་རྩེད་སྤོ་ལོ་འགྲན་བསྡུར་དང་། རྩོམ་ཡིག་འགྲན་བསྡུར། ཕྱི་ལོ་༢༠༠༦ ནས་བཟུང་ལོ་ལྟར་བོད་རིག་པའི་བགྲོ་གླེང་ཚོགས་འདུ། བོད་གཞུང་ཟློས་གར་ཁང་དུ་གཞས་སྣ་འཁྲབ་སྟོན་སོགས་གོ་སྒྲིག་བྱེད་ཀྱི་ཡོད་འདུག་ཅིང་། དེ་དག་གི་འགྲོ་སོང་ནི་སཱ་ར་མཐོ་སློབ་གཞོན་ནུ་རུ་ཁག་གི་ཚོགས་མི་ཁག་ཅིག་ཟླ་༢ རིང་གི་གུང་སེང་དང་སྟབས་བསྟུན་ནས་བཙན་བྱོལ་ནང་གི་གཞིས་ཆགས་ཁག་ཆེ་བ་རྣམས་སུ་སྐོར་བསྐྱོད་ཕྱིན་ནས་མང་ཚོགས་ལས་དཔལ་འབྱོར་མཁོ་སྒྲུབ་ཞུས་ཏེ། གང་བྱུང་བ་རྣམས་བོད་རིག་པའི་བགྲོ་གླེང་ནང་གཏོང་གི་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༩༡ ཀློག་གྲངས།