ཨ་རུ་ན་ཅལ་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཕྱིར་བསྡུ་བྱེད་དགོས་ཟེར།

ཨ་རུ་ན་ཅལ་གྱི་སྤྱི་དམངས་ཞབས་ཞུ་ཚོགས་པ་(Arunachal Civil Society)ཡིས། ཨ་རུ་ན་ཅལ་ནང་གི་གདོད་མའི་ཡུལ་མི་རྣམས་ལ་ཆ་རྐྱེན་ཡག་པོ་མེད་བཞིན་དུ། བཙན་བྱོལ་བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་དེ་ནི་དྲང་བདེན་ཞིག་མིན་སྐོར་གྱིས། སྲིད་བྱུས་དེ་ཕྱིར་བསྡུ་བྱེད་དགོས་སྐོར་བརྗོད་འདུག

ཉེ་བའི་ཆར་ཨ་རུ་ན་ཅལ་གྱི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེར་བསྐུར་བའི་འཕྲིན་ཡིག་ཅིག་ནང་། ཟླ་༨ པའི་ཚེས་༡༢ ཉིན་ཨ་རུ་ན་ཅལ་མངའ་སྡེའི་འཛིན་སྐྱོང་གི་ཚོགས་འདུའི་ཐོག ཨ་རུ་ན་ཅལ་ནང་དུ་ཕྱི་ལོ་༢༠༡༤ ལོར་རྒྱ་གར་དབུས་གཞུང་གིས་གཏན་འབེབས་བྱས་པའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེ་ལག་བསྟར་བྱ་རྒྱུ་ཐག་གཅོད་བྱུང་སྐོར་འཁོད་ཡོད་པ་དང་། གནས་ཚུལ་དེ་རྒྱ་གར་གྱི་བརྒྱུད་ལམ་ཆེ་ཁག་མང་པོའི་ནང་ཐོན་ཡོད་པ་རེད།

ཟླ་༨ པའི་ཚེས་༢༢ ཉིན་ཨ་རུ་ན་ཅལ་གྱི་སྤྱི་དམངས་ཞབས་ཞུ་ཚོགས་པ་(Arunachal Civil Society)ཡིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། ཚོགས་པའི་ཚོགས་གཙོ་པ་ཌི་ཊ་ཡུམ་གྱིས་ཨ་རུ་ན་ཅལ་མངའ་སྡེའི་མོན་ཁུལ་དུ་འཛམ་གླིང་གང་སར་ནས་མཐུན་རྐྱེན་མང་པོ་སྦྱར་བཞིན་ཡོད་ཀྱང་། མངའ་སྡེ་གཞུང་གིས་ཨ་རུ་ན་ཅལ་གྱི་གདོད་མའི་ཡུལ་མི་རྣམས་ལ་སྣང་མེད་ཐོག བཙན་བྱོལ་བོད་མི་ཚོར་མ་དངུལ་སྣོན་གཏོང་དགོས་དོན་གང་ཡིན་ནམ་ཞེས་དྲིས་པ་དང་། བཙན་བྱོལ་བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་ཐག་གཅོད་དེ་ནི་གདོད་མའི་ཡུལ་མི་རྣམས་ལ་དྲང་བདེན་མ་བྱས་པ་ཡིན་སྐོར་བརྗོད་ནས། མངའ་སྡེའི་གཞུང་གིས་དགོས་མེད་བརྒྱུད་རིམ་ཐོག་མ་དངུལ་གཏོང་བ་ལས། གདོད་མའི་ཡུལ་མི་རྣམས་ཀྱི་རིག་གཞུང་ཕྱུག་པོ་རྣམས་སྲུང་སྐྱོབ་བྱེད་པའི་སྲིད་བྱུས་དང་གཞོན་སྐྱེས་ཚོར་ལས་ཀ་བསྐྲུན་པའི་ཐབས་ལམ་ལ་བསམ་བློ་གཏོང་པའི་རེ་སྐུལ་བྱས་ཡོད་འདུག

དེ་བཞིན་ཁོང་གིས་ཚོགས་པ་དེ་ཨ་རུ་ན་ཅལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་ཁ་གཏད་མིན་པ་དང་། ད་བར་ཕྱོགས་གཉིས་ཀ་ཞི་བའི་ངང་མཉམ་གནས་བྱེད་ཀྱི་ཡོད་སྐོར་གསལ་བཤད་བྱས་ཏེ། ཁོ་ཚོ་ཁོང་ཁྲོ་ལངས་དགོས་པའི་རྒྱུ་གཙོ་བོ་ནི། གདོད་མའི་ཡུལ་མིའི་ཚོགས་སྡེ་ཁག་གནས་ཡུལ་དུ་འཛུགས་བསྐྲུན་སོགས་རྗེས་ལུས་ཐེབས་ཡོད་བཞིན་དུ། དེ་དག་ཡར་རྒྱས་གཏོང་རྒྱུ་གལ་ཆེན་མ་བརྩིས་པར། མངའ་སྡེ་གཞུང་གིས་གདོད་མའི་ཡུལ་མི་རྣམས་མོས་མཐུན་ཡོད་མེད་ལ་མ་ལྟོས་པར། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་ཡིན་སྐོར་བརྗོད་འདུག

ཁོང་གིས་མུ་མཐུད་ནས་སྲིད་བྱུས་དེ་ཆ་ཚང་བ་ཞིག་ལག་བསྟར་བྱས་རྗེས། གདོད་མའི་ཡུལ་མི་གནས་སའི་ས་ཁུལ་ཁག་གི་མཐུན་རྐྱེན་དང་ཁེ་ཕན་རྣམས། བཙན་བྱོལ་བོད་མིའི་གནས་ཡུལ་ཁག་ཏུ་ཁ་ཕྱོགས་བསྒྱུར་རྒྱུ་ཡིན་པ་དང་། དེ་ལ་བརྟེན་ནསམངའ་སྡེའི་ནང་མི་རིགས་གཉིས་བར་ཆ་མ་སྙོམས་པ་བྱུང་ནས། མ་འོངས་པར་མི་རིགས་བར་གྱི་རྩོད་རྙོག་ཆེན་པོ་ཆགས་རྒྱུ་ཡིན་སྐོར་གྱི་བསམ་ཚུལ་བརྗོད་ཡོད་འདུག

ཚོགས་པ་དེས་སྲིད་བྱུས་དེ་ཕྱིར་བསྡུ་བྱེད་པའི་དགོས་འདུན་བཏོན་ནས། ཁོ་ཚོས་ལས་འགུལ་སྤེལ་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་འདུག

དེ་བཞིན་ཕྱི་ལོ་༢༠༡༦ ལོར་ཚོགས་པ་དེས་མངའ་སྡེ་གཞུང་ལ། ཨ་རུ་ན་ཅལ་ནང་དུ་བཙན་བྱོལ་བོད་མི་མང་པོ་ཞིག་གིས། རྒྱ་གར་ནང་མཐུན་རྐྱེན་རྗེས་ལུས་ཐེབས་པའི་ཚོགས་སྡེའི་ལག་ཁྱེར་(Scheduled Tribes )འཁྱེར་མཁན་མང་པོ་ཡོད་པས། དེ་དག་ཕྱིར་བསྡུ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༨༠ ཀློག་གྲངས།