བསོད་ནམས་དངོས་གྲུབ་སོགས་མི་བཞི་ལ་ཁྲིམས་ཐག་བཅད་པ།

བསོད་ནམས་དངོས་གྲུབ་བམ་མིང་གཞན་བསོད་ཕྲུག་ཀྱང་ཟེར་ལ། རང་ལོ་༥༢ ཡིན་པ་ཁོང་ལོ་སྔོན་མའི་ས་ག་ཟླ་བའི་ཚེས་༡༥ དང་ཕྱི་ཟླ་༦ ཚེས་༧ ཉིན་ལྷ་སར་བོད་མི་ཚོས་མཆོད་འབུལ་བྱེད་རྒྱུའི་གོམས་སྲོལ་ཡོད་པ་ལྟར། ལྷ་ས་རུ་མི་མང་གིས་མཆོད་འབུལ་ཞུ་སྐབས་རྒྱ་ནག་གཞུང་གིས་བཀག་འགོག་བྱས་པ་དང་། ཉིན་དེའི་སྔ་དྲོ་རྒྱལ་ས་ལྷ་སའི་ཁྲོམ་གཟིགས་སྒང་གི་འགྲམ་དུ་ཁམས་ཕྱོགས་ཀྱི་ཚོང་པ་གཙོ་བོར་གྱུར་བའི་བོད་མི་༢༠༠ ཙམ་འདུ་འཛོམས་ཀྱིས་བོད་གོས་གྱོན་ཞིང༌། ལྷ་རྒྱལ་ལོ་ཞེས་པའི་འབོད་སྒྲ་སྒྲོག་བཞིན་གཙུག་ལག་ཁང་དུ་ཕྱིན་ནས་ཇོ་ཁང་ནང་མཆོད་མེ་སྦར་བ་དང༌། ཇོ་བོར་ན་བཟའ་དང། གསེར་ཆབ་གསོལ་རྗེས་བར་སྐོར་བརྒྱུད་གོམ་བགྲོད་ཀྱིས་རང་སྐྱོང་ལྗོངས་ཀྱི་སྒོ་འགྲམ་ནས་རྩེ་པོ་ཏཱ་ལའི་མདུན་ཐང་དུ་ཕྱིན་ཅིང༌། རྒྱ་གཞུང་གིས་བསླངས་པའི་རྡོ་རིང་ལ་རྒྱབ་བསྟན། ཕོ་བྲང་པོ་ཏཱ་ལ་རུ་ཁ་ཕྱོགས་ནས་མི་རེས་ཁ་བཏགས་རེ་བཟུང་ནས་ལྷ་རྒྱལ་ལོ་ཞེས་པའི་འབོད་སྒྲ་ཤུགས་ཆེར་བསྒྲགས་པ་དང༌། དེ་རྗེས་གནས་ཆུང་གསོལ་དུ་ཕྱིན་སྐབས་རྒྱ་དམག་དྲག་ཆས་ཐོགས་པ་མང་པོས་བཀག་པར་བརྟེན། ཕྱིར་ལོག་ཡོད་ནའང་ཕྱི་དྲོ་ཆུ་ཚོད་༤ ཙམ་ལ་སླར་ཡང་ཁྲོམ་གཟིགས་སྒང་དུ་འབྱོར་བ་དང་དེའི་སྐབས་མི་མང་དུ་ཕྱིན་ཡོད་འདུག རྒྱ་དམག་གིས་བཀག་སྟེ་བོད་མི་རྣམས་ལ་ག་རེ་བྱེད་ཀྱི་ཡོད་མེད་ཀྱི་སྐད་ཆ་དྲིས་སྐབས། ཁོང་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་ཆོས་ལུགས་དད་པ་རང་མོས་ཐོག་ཆོས་བྱེད་ཀྱི་ཡོད་ལུགས་བཤད་ཡོད་འདུག རྒྱ་དམག་གིས་ཐོག་མ་བོད་མི་མང་པོ་འཛིན་བཟུང་བྱས་ཀྱང༌། མཐར་མི་དྲུག་འཛིན་བཟུང་བཀག་ཉར་བྱས་པ་དང་། དེའི་རྗེས་ཕྱི་ཟླ་༦ པའི་ཚེས་༩ ཉིན་མི་ཁག་ཅིག་འཛིན་བཟུང་བྱས་པའི་ཁོངས་སུ་བསོད་ནམས་དངོས་གྲུབ་ཀྱང་འཛིན་བཟུང་བྱས་པ་རེད། འཛིན་བཟུང་བྱས་པའི་ཉིན་ཤས་རྗེས་ཉེན་རྟོག་པ་བསོད་ནམས་དངོས་གྲུབ་ལགས་ཀྱི་ནང་དུ་ཡོང་ནས་སྔོག་བཤེར་བྱས་པ་དང་གཡང་སྒམ་ནང་ནས་༧གོང་ས་མཆོག་གི་སྐུ་པར་ཐོན་པ་སོགས་གཞུང་བཞེས་བཏང་ཡོད་པ་རེད། ཕྱི་ཟླ་༡༢ པའི་ཟླ་མཇུག་ཏུ་ཁོང་ལ་ལོ་༥ ཁྲིམས་ཐག་བཅད་པ་དང་། གཞན་སྡེ་དགེ་བ་བསོད་སྟོབས་ལ་ལོ་བདུན་གྱི་ཁྲིམས་ཐག་བཅད་པ་དང་། སྡེ་དགེ་བ་ངག་རྡོ་དང་། བསྟན་རྡོ་གཉིས་ལ་ལོ་༦ དང་༥ ཡིས་ཁྲིམས་ཐག་བཅད་ཡོད་འདུག ཁྲིམས་ཐག་མ་བཅད་སྔོན་ཁོང་རྣམས་རྒུ་ཚ་བཙོན་ཁང་དུ་བཀག་ཉར་བྱས་ཀྱང་། ཁྲིམས་ཐག་བཅད་རྗེས་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག ཁྲིམས་ཐག་བཅད་པའི་སྐབས་ནང་མི་སྐད་བཏང་བ་བྱུང་ཡོད་ཀྱང་། ཐུག་འཕྲད་བྱེད་བཅུག་མེད་པ་རེད། ཁོང་འཛིན་བཟུང་བྱེད་པའི་སྐབས་རྒྱ་སྒོར་ཁྲི་༡༧ གྱི་མ་གནས་བྱུ་རུ་ཆ་༢༢ མཉམ་འཁྱེར་བྱས་པ་དེ་ད་བར་བདག་པོ་ལ་རྩིས་སྤྲོད་བྱས་མེད་པ་དང། ཁྲིམས་ཐག་བཅད་པའི་སྐབས་ཁྲོམ་གཟིགས་སྒང་དུ་མི་མང་འདུ་འཛོམས་བྱས་པ་ལ་བརྟེན་ནས་ཚོང་ཁང་རེ་ཟུང་གིས་སྒོ་ཕྱེ་མ་ཐུབ་པར་རྒྱ་སྒོར་སྟོང་ཕྲག་ཁ་ཤས་ཀྱིས་གྱོང་གུད་བཟོས་པ་དང་། མི་མང་འདུ་འཛོམས་བྱས་པ་ཁ་བྲལ་གྱི་གནད་དོན་དུ་ངོས་འཛིན་གྱིས་ཐག་གཅོད་བྱས་པ་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་ཚུལ་འདུག

ཁོང་གི་བཟའ་ཟླ་གཙང་ཁུལ་ནས་ཡིན་པ་དང་། ཁོང་གི་བུ་ཆེ་བ་རྒྱལ་མཚན་དངོས་གྲུབ་མ་སུ་རི་བོད་ཁྱིམ་འཛིན་གྲྭ་བཅུ་པའི་ནང་སློབ་སྦྱོང་བྱེད་བཞིན་པ་དང་། ཆུང་བ་འཇམ་དབྱངས་ཐབས་མཁས་རྒྱ་གར་ལྷོ་ཕྱོགས་སེར་བྱེས་ཚ་བ་ཁམས་ཚན་དུ་སློབ་གཉེར་བྱེད་བཞིན་ཡོད་པ་རེད།

བསོད་ནམས་དངོས་གྲུབ་སོགས་མི་བཞི་ཁྲིམས་ཐག་བཅད་པ།

Share this:
༡༨༠ ཀློག་གྲངས།