ཁྲིམས་སྒྲིག་གཉིས་ཀའི་ཐད་ནས་ཕྲུ་གུར་ཉེས་བརྡུང་གཏོང་ཆོག་གི་མ་རེད་ཅེས་གསུངས་སོང་།

 

རྒྱ་གར་གཞུང་གི་ཁྲིམས་དང་སློབ་གྲྭ་ཁག་གི་སྒྲིག་ལམ་གཉིས་ཀའི་ཐད་ནས་ཕྲུ་གུར་བརྡུང་བརྡེག་གཏོང་མི་ཆོག་པ་གསལ་པོ་ཡིན་སྐོར་དང་། དུས་དང་མཐུན་པའི་ཐོག་ནས་ཕྲུ་གུར་སློབ་སྦྱོང་སྤྲོད་སྟངས་འཚོལ་དགོས་རྒྱུ་དེ་གལ་ཆེ་སྐོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་མདུན་ལམ་ཚན་པའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་༢༨ ནས་འགོ་འཛུགས་ཏེ་ཉིན་༢ རིང་། སློབ་གྲྭ་ཁག་གི་སློབ་སྤྱི་དང་མདུན་ལམ་སློབ་སྟོན་པ་རྣམས་ལ་མྱོང་ཚོར་གྱི་ནུས་པ་གཞིར་བཞག་ཐོག་སྒྲིག་ལམ་གཅུན་ཐབས་ཀྱི་ཟབ་སྦྱོང་ཞེས་པ་ཞིག་དབུ་འབྱེད་གནང་སོང་།

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་གཙོས། ཟབ་སྦྱོང་སྤྲོད་མཁན་རྒྱ་གར་གྱི་མཁས་དབང་ལྕམ་སཱན་ཇོ་ལི་ཆིམ་ནི་པཱན་ཌེ་དང་།(Sanjoli Chimni Pande) མཁས་དབང་ཆིམ་ནི་ཨེ་ཆི་ཨེ་སི།(H.S Chimni) ཤེས་རིག་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་བཅས་དང་། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བོད་སློབ་ཁག་གི་སློབ་སྤྱི་དང་། མདུན་ལམ་སློབ་སྟོན་པ། སློབ་སྤྱིའི་སྐུ་ཚབ་བཅས་ཟབ་སྦྱོང་ནང་ཞུགས་མཁན་མི་༣༠ ཙམ་འཛོམས་འདུག

སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་ཤེས་རིག་མདུན་ལམ་ཚན་པས་ཟབ་སྦྱོང་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞུ་དང་། ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་རྣམས་དང་ནམ་རྒྱུན་ནས་མཇལ་འཕྲད་མང་པོ་འབྱུང་གི་ཡོད་ཁར། ཤེས་ཡོན་ཐོག་ལ་ཐུགས་འཁུར་ཆེན་པོ་གནང་མཁན་ཤ་སྟག་ཡིན་སྟབས་ཁོང་རྣམས་པ་མཇལ་བར་དགའ་པོ་བྱུང་སྐོར་དང་། སློབ་གྲྭ་སོགས་སྤྱི་སྒེར་གང་ཞིག་ཡིན་རུང་སྒྲིག་ལམ་ཡོད་ན་བདེ་འཇགས་ཡོང་བ་དང་། བདེ་འཇགས་ཡོང་ན་ཡར་རྒྱས་ཡོང་བ། སྒྲིག་ལམ་དང་བདེ་འཇགས་མེད་ན་ཡར་རྒྱས་མི་ཡོང་བའི་སྐོར་དང་སྦྲགས་གསུང་དོན་དུ་“སྔོན་མའི་གནས་སྟངས་དང་ད་ལྟའི་གནས་སྟངས་བར་ཧ་ཅང་འགྱུར་བ་ཐེབས་བཞིན་འདུག ཁྲིམས་ཀྱི་ཆ་ནས་འགྱུར་བ་ཐེབས་ཀྱི་འདུག་ལ། སློབ་གྲྭ་སོ་སོའི་སྒྲིག་གཞིའི་ཐད་ནས་ཀྱང་འགྱུར་བ་ཐེབས་བཞིན་ཡོད་རེད། དངོས་ཡོད་གནས་ཚུལ་ལ་ཕྲུ་གུའི་སེམས་ཁམས་ཀྱི་ཐོག་ལ་བསམ་བློ་གཏོང་པ་ཡིན་ནའང་འགྱུར་བ་ཐེབས་བཞིན་ཡོད་རེད། དེར་བརྟེན། ཁྲིམས་ཀྱི་ཐོག་ནས་རྒྱ་གར་ནང་ལ་ཆ་མཚོན་ན། ཕྲུ་གུར་ཉེས་བརྡུང་གཏོང་ཆོག་གི་ཡོད་མ་རེད། སློབ་གྲྭ་སོ་སོའི་སྒྲིག་གཞིའི་ཐད་ནས་ཀྱང་དེ་ལྟར་བྱེད་ཆོག་གི་མེད་པ་དེ་གསལ་པོ་རེད། དེ་ཡིན་པ་གང་ཞིག་ལ་སློབ་གྲྭ་ཁག་ཅིག་གི་ནང་དུ་དགེ་རྒན་གྱིས་སློབ་མར་ཉེས་རྡུང་བཏང་། དེ་དགེ་རྒན་གྱི་ནོར་འཁྲུལ་དུ་བརྩིས་ཏེ་དགེ་རྒན་ལ་ཕོགས་བཅག་པ་སོགས་ཀྱི་ཉེས་ཆད་ཟུར་དུ་བཅད་སྟབས་དགེ་རྒན་ཚོའི་ནང་ལ་ཐུགས་ཕམ་ཡོང་བ་དང་། སློབ་གྲྭའི་ནང་སྒྲིག་ལམ་མ་ཡོང་བའི་རྐྱེན་རྩ་ཉེས་རྡུང་གཏོང་མ་ཆོག་པ་དེ་ཆགས་ཀྱི་འདུག་ཅེས་གསུང་པ་སོགས་ཀྱི་གནས་ཚུལ་མང་པོ་ཡོང་གི་ཡོད་རེད། ཕྱོགས་གཅིག་ནས་ཁོང་ཚོར་ཐུགས་ཁག་ཡོད་མ་རེད་བསམ་གྱི་འདུག ངས་བལྟས་ན་གོང་ནས་ཐག་གཅོད་གནང་མཁན་དེ་ལ་ཡང་ཐུགས་ཁག་ཡོད་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། གོང་ནས་སྤྱི་ཡོངས་ནས་རྒྱ་ཆེ་ས་ཞིག་ལ་བསམ་བློ་གཏོང་སྟེ་ཞུས་པ་རེད། ཡང་རྒན་ལགས་རྣམ་པ་ཚོར་ཐུགས་ཁག་ཡོད་མ་རེད་བསམ་གྱི་འདུག དེ་མ་ཆོག་ན་འདི་བྱེད་དགོས་རེད། དེའི་ཚབ་འདི་བྱེད་དགོས་རེད་ཟེར་བ་ཞིག་གོང་རིམ་ནས་ལམ་སྟོན་ཡོད་དགོས་རེད། གང་ཡིན་ཟེར་ན་དུས་ཡུན་རིང་པོ་ཞིག་གི་རྒྱུན་སྲོལ་གྱི་བསམ་བློ་གཏོང་སྟངས་ནང་ཕྲུ་གུར་ཉེས་རྡུང་གཏོང་རྒྱུ་དེ་འཇགས་བསྡད་ཡོད་དུས།  དེ་འཕྲལ་དུ་འགྱུར་བ་གཏོང་རྒྱུ་ཡོང་གི་ཡོད་མ་རེད། དེ་འདྲ་ཡིན་དུས་བར་ལམ་ནས་སྒྲོལ་དཀར་ལགས་དང་ཁྲིམས་རྩོད་པ་རྣམས་སློབ་གྲྭ་ཁ་ཤས་ཀྱི་ནང་ཁྲིམས་ཀྱི་གནད་དོན་རྣམས་འགྲེལ་བཤད་བསྐྱོན་དུ་ཕེབས་པ་རེད།  ཁྲིམས་ཀྱི་གནས་སྟངས་དེ་འདྲ་ཡིན་ཡང་། གནས་སྟངས་དེ་ལ་གདོང་ལེན་བྱེད་དགོས་དུས་མི་ལ་རྩལ་དགོས་ཀྱི་ཡོད་རེད། ཐབས་ལམ་དགོས་ཀྱི་ཡོད་རེད། ཨ་རི་ལྟ་བུར་མཚོན་ན། གུང་སེང་བཅད་པ་ལྟ་བུ་ཕྲུ་གུ་དགའ་མོས་ཡོད་པ་རྣམས་མེད་པ་བཟོ་བའི་ཆད་པ་གཅོད་པ་སོགས་ཀྱི་ཐབས་ལམ་བསྟེན་གྱི་ཡོད་རེད། རེད་དེ། ད་རེས་ཀྱི་གདོང་ལེན་བྱེད་སྟངས་དེ་མྱོང་ཚོར་གྱི་ཐོག་ནས་གནས་སྟངས་ཤེས་པ་བྱས་ནས་བཀོད་འདོམ་བྱ་རྒྱུ་དེ་རེད། ཟབ་སྦྱོང་སྤྲོད་མཁན་གཉིས་ཀྱིས་སློབ་གནང་གི་རེད། དེ་ངས་ཧ་ཅང་གི་གནད་འགག་ཆེན་པོ་མཐོང་གི་འདུག ང་རང་ཡིན་ན་ཡང་དུས་ཚོད་རག་ན་བཅར་དགོས་བསམ་གྱི་ཡོད། གང་ཡིན་ཟེར་ན། དེ་སྤྱིར་བཏང་ནས་སློབ་གྲྭ་ཙམ་མ་ཡིན་པར་མིའི་བསམ་བློ་གཏོང་སྟངས་ཀྱི་ཐད་ལ་ཡིན་ནའང་། རྐྱེན་རྩ་ག་རེ་ཡིན་ན་ཡང་སེམས་ཚོར་དེ་དང་པོ་ཆགས་འགྲོ་ཡི་ཡོད་རེད། ག་རེ་ཡིན་ན་ཡང་གནས་ཚུལ་དེའི་ཐོག་མའི་རྐྱེན་རྩ་དེ་སེམས་ཚོར་དེ་རེད།  སེམས་ཚོར་བདག་པོ་ཡག་པོ་རྒྱག་ཐུབ་དགོས་རྒྱུ་དེ་ང་ཚོའི་ནང་ཆོས་ཀྱི་ངོས་ནས་གལ་ཆེ་ཤོས་དེ་ཏན་ཏན་ཆགས་ཀྱི་ཡོད་རེད། དེར་བརྟེན་རྣམ་པ་ཚོ་ཡིན་ན་ཡང་དེ་སློབ་གྲྭའི་ནང་ལ་འཕྲད་པའི་དཀའ་ངལ་ཞིག་ཡིན་གྱི་རེད་བསམ་གྱི་འདུག” ཅེས་དང་།

དེ་བཞིན་ཁོང་གིས་“ང་ཚོ་དུས་ཚོད་དང་མཐུན་པའི་ཐོག་ནས་ཕྲུ་གུར་སློབ་སྦྱོང་སྤྲོད་སྟངས་དེ་འཚོལ་དགོས་ས་རེད། དེའི་སྐོར་ལ་ད་རེས་གང་སློབ་པའི་ནང་ནས་གང་ཐུབ་ཅི་ཐུབ་ཀྱིས་ལག་ལེན་བསྟར་རྒྱུ་དེ་གནད་འགག་ཆེན་པོ་རེད་འདུག ད་སྤྱི་ཚོགས་འགྱུར་བ་ཆེན་པོ་ཐེབས་ཀྱི་འདུག ང་ཚོ་ནང་ཚགས་བྱས་ཞུས་ན་སྔོན་མར་ཁྲིམས་ཐོག་ནས་བརྐུ་མ་བརྐུ་མཁན་གྱི་ལག་པ་བཅད་ཀྱི་ཡོད་རེད། སྐྱག་རྫུན་བཤད་ན་ལྕེ་གཏུབ་ཀྱི་ཡོད་རེད། དེ་མ་ཡིན་པའི་ཚབས་ཆེན་ག་རེ་བྱས་ན་ཡང་། གཟུགས་པོའི་ཐོག་ལ་ཉེས་པ་གཏོང་གི་ཡོད་རེད། དེང་སང་སྤྱི་ཡོངས་ཀྱི་ཁྲིམས་ལ་འགྱུར་བ་མང་པོ་ཞིག་ཐེབས་ནས་སྲོག་ཐོག་གཏོང་བ་ལ་སོགས་པ་བཀག་འགོག་བྱེད་མཁན་རྒྱལ་ཁབ་མང་པོ་ཡོད་རེད། དེར་བརྟེན་ག་ལེར་ག་ལེར་སྤྱི་ཚོགས་དང་མང་ཚོགས་ཀྱི་བསམ་འཆར་ཡར་རྒྱས་འགྲོ་ནས། བཟང་སྤྱོད་ཀྱི་ཐོག་ནས་གཅུན་ཐབས་ཀྱི་བསམ་བློ་དེ་ཏན་ཏན་ཡར་རྒྱས་འགྲོ་བསྡད་ཀྱི་ཡོད་རེད། དཔེར་ན་སློབ་གྲྭ་རང་ལ་མཚོན་ན་ཡང་། ཕྲུ་གུར་ཉེས་རྡུང་གཏོང་མི་ཆོག་པ་དེ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་པོ་ལན་ཌི་ལྟ་བུའི་ནང་སྔ་མོ་ནས་བཟོས་ཡོད་རེད། དེ་བཞིན་ཨ་རི་གཙོས་པའི་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོའི་ནང་ཕྲུ་གུར་ཉེས་རྡུང་གཏོང་ཆོག་གི་མེད་པ་དེ་ཁྲིམས་སུ་བཅས་ཡོད་རེད། ངས་ཁ་སང་གྷུ་གྷེལ་ནས་འཚོལ་ཞིབ་བྱས་སྐབས་རྒྱ་ནག་དང་བྱང་ཀོ་རི་ཡས་ཀྱང་། ཕྲུ་གུར་ཉེས་རྡུང་གཏོང་བ་དེ་ཁྲིམས་ཀྱི་ཐོག་ནས་བཀག་སྡོམ་བྱས་འདུག རྒྱལ་ཁབ་དེ་གཉིས་འཛམ་གླིང་གི་ནང་ནས་དྲག་གནོན་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་ཡང་། ཕྲུ་གུར་སྒྲིག་གཅུན་བྱེད་སྐབས་རྡུང་བརྡེག་བྱེད་མི་ཆོག་པའི་ཁྲིམས་བཟོས་འདུག ང་ཚོའི་སྤྱི་ཚོགས་ཁོ་རང་ནང་ཆོས་དང་འབྲེལ་ནས་ཡོད་པ་ཞིག་ཡིན་དུས་ཞི་བདེ་ལག་ལེན་བསྟར་མཁན་གྱི་སྤྱི་ཚོགས་སྐད་གྲགས་ཆེན་པོ་ཞིག་ཡིན་ཁར། དབུ་ཁྲིད་༧རྒྱལ་བ་རིན་པོ་ཆེ་ལྟ་བུ་ཞིག་ཡོད་དུས་ང་ཚོས་དེ་བྱེད་ཐུབ་དགོས་ཀྱི་འདུག་དྲན་གྱི་འདུག”ཅེས་དང་།

ཡང་ཁོང་གིས་“ཉེས་བརྡུང་བཏང་ནས་ཕྲུ་གུ་གཅུན་ཐབས་དེ་ཡག་པོ་ཡོང་གི་ཡོད་ས་མ་རེད། དེ་ལས་མཛའ་བརྩེ་དང་ལྡན་པ་དང་། བྱམས་བརྩེའི་ཐོག་ནས་ཕྲུ་གུ་ཚོར་སློབ་སྦྱོང་དང་ལྟ་རྟོག་བྱས་ཐུབ་ན། ཕྲུ་གུར་དེ་ཕན་ཐོགས་ཆེ་བ་ཡོད་ས་རེད། ང་ཚོས་མདུན་བསྐྱོད་བྱ་རྒྱུ་དེ་དེའི་ཐོག་ལ་རེད། རྣམ་པ་ཚོས་ངེས་པར་དུ་དུས་ཚོད་དང་བསྟུན་ནས་འགྲོ་རྒྱུ་དེ་གལ་ཆེན་པོ་རེད་འདུག དབྱིན་ཇིའི་བཤད་རྒྱུན་ཞིག་ལ་དགེ་རྒན་གྱིས་སློབ་གྲྭའི་ནང་དུ་ཕྲུ་གུ་ཚོར་བརྩེ་དུང་དང་། བྱམས་སྐྱོང་། ཡིད་ཆེས་ཡོད་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པའི་སྐབས་སུ་ཕྲུ་གུ་རྣམས་ཀྱི་ཤེས་ཡོན་གོང་འཕེལ་ཆེ་ཤོས་ཡོང་གི་རེད་ཅེས་པ་དེ་བདེན་པ་མིན་ནམ་བསམ་པ་དྲན་གྱི་འདུག”ཅེས་དང་། བོད་པའི་ཨ་མཆོག་རྐུབ་ལ་ཡོད་ཟེར་བའི་གཏམ་དཔེ་ཞིག་ཡོད་ཀྱང་། དེ་དུས་ལས་ཡོལ་ཟིན་སྐོར་དང་།སྔོན་མའི་སྤྱི་ཚོགས་སུ་བོད་པ་ཙམ་མ་ཡིན་པར་འཛམ་གླིང་གང་ས་ནས་ཉེས་བརྡུང་གཏོང་གི་ཡོད་ཀྱང་། ད་ལྟ་དེ་ལྟར་མིན་སྐོར་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གསུངས་སོང་།

ཤེས་རིག་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོས་ཟབ་སྦྱོང་གི་དགོས་དམིགས་ཀྱི་སྐོར་ལ་གསུང་དོན་དུ།“ང་ཚོའི་སློབ་གྲྭའི་ནང་དུ་སྤྱིར་བཏང་ནས་ལུས་ཐོག་གི་ཉེས་ཆད་གཅོད་ཆོག་གི་ཡོད་མ་རེད། དེ་རྒྱ་གར་གཞུང་གི་ཁྲིམས་ཀྱང་རེད། ང་ཚོ་བཙན་བྱོལ་ནང་སྡོད་དུས་གཞུང་གི་ཁྲིམས་ཁུར་དགོས་རེད། ང་ཚོའི་སློབ་གྲྭའི་ནང་ད་ལྟ་གནས་སྟངས་ངན་པ་དེ་འདྲ་ཡོད་མ་རེད། སྔོན་མ་ལས་ད་ལྟ་བཟང་དུ་ཞེ་དྲག་ཕྱིན་ཡོད་རེད། ཡིན་ན་ཡང་། ང་ཚོས་ཟབ་སྦྱོང་གོ་སྒྲིག་བྱེད་དགོས་དོན་དེ། དེང་སང་རྒྱལ་ཁབ་ཚང་མའི་འགྲོ་ལུགས་དེ་འདྲ་རེད། ༧རྒྱལ་བ་རིན་པོ་ཆེས་ཐོག་མ་ནས་བཀའ་རིམ་པ་མང་པོ་གནང་ཡོད་རེད། ང་ཚོ་ནང་དོན་རིག་པའི་ཐོག་ནས་བསམ་བློ་བཏང་ན་ཡང་། སྤྱོད་པ་འཚེ་བ་མེད་པ་ཡིན་སྟབས་ང་ཚོས་འཚེ་བ་ཅན་གྱི་ཁོར་ཡུག་ཅིག་བསྐྲུན་ན་ཕྲུ་གུ་རྣམས་འཚེ་བ་མེད་པ་བཟོ་ཐུབ་ཀྱི་མ་རེད། ༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ནང་བཞིན་ཚན་རིག་པ་ཚོས་ཀྱང་ངེས་པ་རྙེད་ནས། ཐོག་མར་ཕྲུ་གུ་སྐྱེ་དུས་ཞི་བ་ཡིན་ཡང་། ཕྱིས་སུ་སྤྱི་ཚོགས་ནང་ནས་འཚེ་བ་ཅན་ཆགས་ཀྱི་ཡོད་རེད། ཕྲུ་གུ་ཚོར་མཚོན་ན་ཐོག་མའི་སྤྱི་ཚོགས་དེ་ཁྱིམ་ཚང་དང་། དེ་ནས་སློབ་གྲྭ། དེ་རྗེས་གཞི་ནས་སྤྱི་ཚོགས་ཆེན་པོ་དེ་རེད། སྤྱི་ཚོགས་རྒྱ་ཆེ་བ་དེ་སྒྱུར་བཅོས་གཏོང་རྒྱུའི་ནུས་པ་ང་ཚོར་མེད་སྟབས། ཐོག་མར་ཕ་མ་དང་། དེ་རྗེས་སློབ་གྲྭའི་ནང་ནས་དགེ་རྒན་རྣམ་པས་ཞི་བའི་ཁོར་ཡུག་ཞིག་བསྐྲུན་ན་ཕྱིས་སུ་ཕྲུ་གུ་སྤྱི་ཚོགས་ནང་འགྲོ་དུས་ཞི་བ་དང་། འཚེ་བ་མེད་པ་ཞིག་ཡོང་ཐུབ་ཀྱི་རེད།”ཅེས་དང་། སོ་སོའི་ཚོར་བ་དེ་སྟངས་འཛིན་ཏག་ཏག་ཅིག་བྱེད་ཐབས་དང་། རང་ལ་དཔེ་བླངས་ནས་གཞན་ལ་བསམ་ཤེས་བྱེད་དགོས་པ། ཕྲུ་གུ་ཆུང་ཆུང་རྣམས་ཀླད་པ་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་ཡིན་དུས་མི་རྒན་པ་ནང་བཞིན་བསམ་བློ་གཏོང་ཐུབ་ཀྱི་མེད་སྟབས། བྱམས་སྙིང་རྗེའི་ཐོག་ནས་འབྲེལ་བ་བྱེད་དགོས་ཀྱི་ཡོད་པ། བྱམས་སྙིང་རྗེ་ག་རེ་ཡིན་མིན་དགེ་རྒན་ཚོའི་སྤྱོད་པས་དཔེ་བསྟན་ན་ཕྲུ་གུ་ཚོ་ངན་སྤྱོད་ལ་འཇུག་མི་ནུས་པ། དེ་བཞིན་ད་ལྟའི་འཛམ་གླིང་གི་ཞིབ་འཇུག་པ་མང་པོས་ཚོར་བའི་ནུས་པ་གཞིར་བཞག་ཐོག་ནས་དགེ་རྒན་གྱི་སློབ་ཁྲིད་དང་། ཕ་མའི་གསོ་སྐྱོང་རག་མཁན་རྣམས་ལ་མི་ཚེ་དོན་དང་ལྡན་པ་ཡོང་རྒྱུའི་བརྒྱ་ཆ་༨༠ ཡས་མས་དང་། ཡོན་ཏན་ཁོ་ན་སྦྱོང་མཁན་རྣམས་ལ་མི་ཚེ་དོན་དང་ལྡན་པ་ཡོང་རྒྱུའི་བརྒྱ་ཆ་༢༠ ཙམ་ཡིན་པ་བརྗོད་ཀྱི་ཡོད་སྐོར། དེ་ལ་ངེས་པ་རྙེད་པའི་ཐོག་ནས་ཤེས་རིག་ལས་ཁུངས་ཀྱིས་ཐེངས་དང་པོར་མྱོང་ཚོར་གྱི་ནུས་པ་གཞིར་བཞག་ཐོག་སྒྲིག་ལམ་གཅུན་ཐབས་ཀྱི་ཟབ་སྦྱོང་འདི་གོ་སྒྲིག་ཐོག སློབ་གྲྭའི་འགོ་ཁྲིད་མཁན་རྣམས་གདན་འདྲེན་ཞུས་ནས་ཐོག་མར་ཁོ་རང་ཚོའི་སྤྱོད་པ་དེ་འདི་འདྲ་བྱུང་ཐུབ་ན། དེས་ཚང་མར་དཔེ་ཞིག་བསྟན་ཐུབ་ནས་ངེས་པ་རྙེད་ཐུབ་ཀྱི་ཡོད་པ་སོགས་ཀྱི་སྐོར་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༣༩ ཀློག་གྲངས།