རྒྱ་བོད་ས་མཚམས་དམག་མིས་རྒྱ་སྐད་དང་བོད་སྐད་ངེས་པར་སྦྱོང་དགོས་པ་བཟོས་འདུག

རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་ཕྱོགས་གཉིས་ཀྱི་དམག་མི་བར་གདོང་ཐུག་ཐེངས་མང་བྱུང་རྗེས། རྒྱ་གར་གྱི་རྒྱ་བོད་ས་མཚམས་ཀྱི་དམག་མིའི་རུ་ཁག་གིས་དམག་མི་གསར་ཞུགས་པ་རྣམས་ཀྱིས་རྒྱ་སྐད་དང་བོད་སྐད་ངེས་པར་སྦྱོང་དགོས་པའི་ཐག་གཅོད་བྱས་ཡོད་འདུག

ཟླ་༨ པའི་ཚེས་༢༩ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ད་ལྟའི་ཆར་རྒྱ་གར་གྱི་རྒྱ་བོད་གཉིས་ཀྱི་ས་མཚམས་དམག་མིའི་རུག་ཁག་ནང་དམག་མི་ཁྲི་༩ ཡོད་འདུག་ཀྱང་། དེའི་ཁོངས་ནས་དམག་མི་༡༥༠ ཡིས་མ་གཏོགས་རྒྱ་སྐད་ཤེས་ཀྱི་མེད་པ་རེད་འདུག་པས། རྒྱ་བོད་ས་མཚམས་དམག་མིའི་རུ་ཁག་གི་འགོ་ཁྲིད་རྒན་པ་ཞིག་གིས། རྒྱ་མི་དང་རྒྱ་གར་དམག་མི་གཉིས་ཉིན་ལྟར་འབྲེལ་བ་འབྱུང་གི་ཡོད་པས། ཕར་ཕྱོགས་ཀྱི་སྐད་ཤེས་ཚེ། ཕྱོགས་གཉིས་བར་གོ་བ་ལོག་པ་མི་ཡོང་བ་དང་གདོང་ཐུག་བྱུང་སྐབས་གནད་དོན་སེལ་ཐབས་ལས་སླ་རུ་འགྲོ་རྒྱུ་ཡིན་ཚུལ་བརྗོད་ནས། འདི་ལོ་ནས་རུ་ཁག་དེར་གསར་ཞུགས་པ་རྣམས་ཀྱིས་རྒྱ་སྐད་དང་བོད་སྐད་ལོ་གཅིག་རིང་སྦྱོང་དགོས་པ་དང་སྐད་ཡིག་དེ་གཉིས་ཀྱི་ཡིག་ཚད་འཕྲོད་དགོས་པའི་ཐག་གཅོད་བྱས་སྐོར་བརྗོད་ཡོད་འདུག

དེ་བཞིན་ཁོང་གིས་ལ་དྭགས་དང་ཨ་རུ་ན་ཅལ་གྱི་ས་མཚམས་སུ་རྒྱ་གར་གྱི་དམག་མིར་རྒྱ་ནག་གི་དམག་མི་བོད་སྐད་རྒྱག་མཁན་མང་པོ་འཕྲད་ཀྱི་ཡོད་པས། རྒྱ་སྐད་ཙམ་མ་ཡིན་པར་བོད་སྐད་ཀྱང་སྦྱོང་དགོས་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༢༦ ཀློག་གྲངས།