༧གོང་ས་མཆོག་གིས་ཁོང་གི་སྐུ་ཚེའི་རིང་གཞིས་བྱེས་མཉམ་འཛོམས་ཐུབ་པའི་རེ་བ་ཡོད་སྐོར་གསུངས་འདུག

ཟླ་འདིའི་ཚེས་༡༣ ཉིན་༸གོང་ས་མཆོག་གིས་འཇར་མན་གྲོང་ཁྱེར་ཕེརེངྐ་ཕོཌ་ Frankfurt ནང་སྦེལ་ཇམ་དང་སུད་སི། ཧོལ་ལེན་ཌི་སོགས་ནས་བཅར་བའི་བོད་མི་རྣམས་ལ་བོད་རྒྱའི་འབྲེལ་ལམ་ཐོག་བཀའ་སློབ་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་རྒྱ་མིར་འབྲེལ་བའི་སྐོར་དང་གསུང་དོན། “རྒྱ་མི་དང་འབྲེལ་བ་བྱ་རྒྱུ་གོང་དུ་བརྗོད་པ་བཞིན་རྒྱ་རིགས་སློབ་ཕྲུག་དང་ངོས་རང་འབྲེལ་བ་ཧ་ཅང་ཡོད།  དེ་བཞིན་རྒྱ་རིགས་ཚོང་པ་མང་པོ་ཞིག་དང་ངོས་རང་འབྲེལ་བ་ཡོད།  དེ་བཞིན་རྒྱ་མིའི་ལས་བྱེད་རྒས་ཡོལ་ཕྱིན་པ་དེ་འདྲ་མང་པོ་ཞིག་དང་འབྲེལ་བ་ཡོད། དེའི་ཐོག་ནས་ངོས་རང་འབྲེལ་བ་ཞིག་ཡོང་བཞིན་ཡོད།  དུས་དུས་ལ་ཕར་ཕྱོགས་ནས་མི་ཡོང་། ང་ཚོ་ཐུག  ང་ཚོའི་དབུ་མའི་ལམ་ནི་ཕྱི་གསལ་ནང་གསལ་ཡིན།  དེར་བརྟེན་ཕན་ཚུན་གོ་རྟོགས་སྤེལ་བ་བརྒྱུད་ག་ལེར་བཟོ་ལྟ་ཞིག་འཐོན་བཞིན་འདུག  འདི་ངོས་ཀྱི་ཁྱེད་ཚོར་ལས་བསྡོམས་ལྟ་བུ་ཡིན།  ཁྱེད་ཚོས་སེམས་ནང་ངེས་པར་བྱོས།  ཚང་མས་སེམས་སྐྱིད་པོ་བྱོས། སེམས་ཀྱི་སྤོབས་པ་མ་ཞུམ་པ་བྱོས།  ང་བོད་རིགས་ཡིན།  དངོས་གནས་ང་ཚོ་རླབས་ཆེན་གྱི་མི་རིགས་ཤིག་ཡིན་བམས་པ།  ང་ཚོའི་མེས་པོ་དངོས་གནས་ཧ་ཅང་རྣམ་དཔྱོད་ཅན་དང་བྱས་རྗེས་ཅན་དེའི་བརྒྱུད་འཛིན་ཡིན་བསམ་པའི་ཐོག་ནས་སྤོབས་པ་བྱེད་ནས་སྡོད་དགོས།  སེམས་མ་ཞུམ་པ་བྱོས་”ཞེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་གནང་དོན། “ངོས་ཀྱིས་ལོ་རྒྱུས་ཤིག་བརྗོད་ཆོག  ཕྱི་ལོ་ ༡༩༨༠ ནང་བོད་ནས་ཚུར་གཉེན་འཕྲད་ཡོང་རྒྱུ་དང་།  ཕར་བོད་ནང་གཉེན་འཕྲད་འགྲོ་རྒྱུའི་འགོ་ཞིག་བཙུགས་པ་རེད།   ཕྱི་ལོ་༡༩༧༩ ལོར་རྒྱལ་ལོ་དོན་གྲུབ་ལ་པེ་ཅིང་དུ་ཤོག་ཟེར་བའི་ལན་ཞིག་འབྱོར་བ་རེད།  རྒྱལ་ལོ་དོན་གྲུབ་ཆེད་མངགས་ངོས་རང་ཐུག་ཏུ་བསླེབས་བྱུང་། འགྲོ་རྐྱང་བྱོས་ལབ་པ་ཡིན། ང་ཚོས་འདི་ཁ་བྲལ་བྱེད་ཀྱི་མེད། ང་ཚོ་དབུ་མའི་ལམ་ཐོག་ཤར་བསྐྱོད་བྱེད་བཞིན་ཡོད། དེར་བརྟེན་འགྲོ་རྐྱང་བྱོས་ལབ་པ་ཡིན།  ཕར་ཕྱིན་ནས་ཏིང་ཞའོ་ཕིང་ཐུག་པ་ནས་ཁོང་དང་ཆུ་ཚོད་གཅིག་གཉིས་ཙམ་རིང་སྐད་ཆ་བཤད་འདུག    སྐབས་དེར་ཏིང་ཞའོ་ཕིང་གིས་རང་བཙན་མ་གཏོགས་གཞན་གང་ཡིན་ཡང་ང་ཚོས་སྐད་ཆ་བྱེད་ཆོག་རྒྱུ་རེད་ཅེས་དེ་འདྲ་བཤད་ཡོད།  དེ་འདྲའི་ལམ་ནས་ང་ཚོ་འབྲེལ་བ་བྱུང་ཡོད། བོད་ལ་ལྟ་སྐོར་ཡང་ཐེངས་འགའ་ཤས་ཕྱིན་པ་རེད།  ང་ཚོའི་བསམ་བློའི་ནང་ད་ཆ་ལུང་པ་ཤོར་སོང་།  ལོ་ངོ་༥༨ རིང་བསྒུགས་པ་ཡིན།  གང་ཡང་ཡོང་རྒྱུ་མི་འདུག  ཁྱེད་ཚོ་འགའ་ཤས་ཀྱིས་འདི་འདྲ་དྲན་མདོག་ཁ་པོ་རེད། ཏཱ་ལའི་བླ་མས་དབུ་མའི་ལམ་ཟེར་ནས་གཅིག་བཤད་ཀྱང་གྲུབ་འབྲས་འཐོན་རྒྱུ་གང་ཡང་མི་འདུག   ད་ཆ་གང་ཡང་བྱུང་མ་སོང་བསམ་པའི་བསམ་བློ་ཁྱེད་ཚོ་འགའ་ཤས་ལ་ཡོད་སྲིད།  ཞུམ་མི་དགོས།   ང་ཚོ་བོད་ཀྱི་གནས་ཚུལ་འདི་མི་རིགས་ཤིག་གི་གནད་དོན་ལས་ཁྱིམ་ཚང་ཞིག་གི་གནད་དོན་མིན། བོད་མི་རིགས་ནམ་ཡང་རྩ་བརླག་ཏུ་འགྲོ་རྒྱུ་མ་རེད།   མུ་མཐུད་གནས་རྒྱུ་རེད།  འདི་འདྲ་ཡོང་བ་དེ་གཙོ་བོ་བོད་ཀྱི་སྐད་ཡིག ཆོས་དང་རིག་གཞུང་ཐོག་ནས་ཡོང་བཞིན་ཡོད།  ཉེ་འཆར་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་ཞིག་སར་སྐད་ཆ་དེ་འདྲ་བྱུང་སྐོར་ངོས་ཀྱིས་གོ་ཐོས་བྱུང་།  ཕྱི་རྒྱལ་ལ་ཡོད་པའི་བཙན་བྱོལ་བ་དེ་ཚོ་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། རྒྱབ་སྐྱོར་བྱེད་མཁན་ཡང་འཛམ་གླིང་གང་ས་ནས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ།  དེ་བཞིན་རྒྱ་ནག་རང་གི་ནང་དུ་རྒྱ་རིགས་ནང་པ་མང་དུ་འགྲོ་བཞིན་པ་འདི་ཉེན་ཁ་རེད་འདུག་ཅེས་བཤད་པའི་སྐད་ཆ་ཞིག་གོ་རྒྱུ་འདུག དེར་བརྟེན་གོང་དུ་བཤད་པ་ལྟར་རེད། ཕྱི་ལོ་༡༩༥༩ ལོར་དྲག་གནོན་བྱས་པ་དང་། ཕྱོགས་མཚུངས་ཕྱི་ལོ་༢༠༠༨ ལོར་དྲག་གནོན་ཧ་ཅང་བྱས་ནས་བོད་པ་ལངས་རྒྱུ་མེད་པ་བཟོས་ཡོད་བསམ་པའི་ཚོད་དཔག་བྱས་པ་ནང་བཞིན་བྱུང་མེད།  ང་ཚོ་བོད་པ་འགྱེལ་ཡང་ཤི་མེད།  འགྱེལ་ས་ནས་ལངས་ཐུབ་པ་ཞིག་ཏན་ཏན་ཡོང་རྒྱུ་རེད།   བློ་བདེ་པོ་བྱོས།  ཚང་མས་སྙིང་སྟོབས་སྐྱེད་ནས་སྡོད་”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་ཁོང་གི་དགུང་ལོའི་གནས་བབས་དང་འབྲེལ་གནས་གསུང་དོན། “ལོ་ཡར་རྒས་བཞིན་ཡོད་ཀྱང་གཟུགས་པོར་སྐྱོན་གང་ཡང་མི་འདུག   ཀླད་པ་ཡང་གྲུང་ཐག་ཆོད་བྱས་ནས་བསྡད་ཡོད།  དེར་བརྟེན་ད་དུང་ལོ་བཅོ་ལྔ་ཉི་ཤུ་ཕལ་ཆེར་སྡོད་རྒྱུ་རེད།  དེའི་གོང་དུ་བོད་དོན་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཏན་ཏན་ཡོང་རྒྱུ་རེད།  ང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་ཐུབ་པའི་རེ་བ་ཏན་ཏན་ཡོད།  ཚང་མས་ཧུར་ཐག་བྱོས།   གོང་དུ་བརྗོད་པ་ལྟར་བོད་པ་གང་དུ་ཡོད་ཀྱང་བོད་པ་ཡིན་བསམ་པའི་འདུ་ཤེས་དེ་མ་བརླག་པའི་ཐོག་ནས་ཞབས་འདྲེན་མ་ཞུ་ཨ། བོད་པའི་མཚན་ལ་གོང་མཐོར་ཡོང་བ་ཞིག་བྱོས།  སུ་ཡིན་རུང་བོད་པ་རེད། ཧ་ཅང་ཡག་པོ་ཡོད།  བློས་འགེལ་ཆོག  རྫུན་བཤད་རྒྱུ་མ་རེད།  ཟེར་ཡ་ཅིག་དགོས།  དེར་གཟབ་དགོས་”ཞེས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༨༤ ཀློག་གྲངས།