བཟང་ཕྱོགས་ཀྱི་ཐོག་ནས་གདོང་ལེན་བྱེད་དགོས་སྐོར་སྤྱི་འཐུས་ཚོགས་གཙོས་གསུངས་སོང་།

གདོང་ལེན་བྱེད་ཟེར་དུས་གཅིག་གིས་གཅིག་ལ་འཁོན་འཛིན་དང་། སེམས་མ་བདེ་བའི་ཐོག་ནས་མ་ཡིན་པར། ཕན་ཚུན་བློ་ཉེ་པོ་དང་བཟང་ཕྱོགས་ཀྱི་ཐོག་ནས་གདོང་ལེན་བྱེད་དགོས་སྐོར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་༡༦ པའི་དམིགས་བསལ་ཚོགས་ཆེན་ཐོག་གསུངས་སོང་།

ཟླ་འདིའི་ཚེས་༡༦ ནས་འགོ་འཛུགས་ཀྱིས་ཉིན་༣ རིང་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅུ་དྲུག་པའི་དམིགས་བསལ་ཚོགས་ཆེན་དྷ་ས་ཀིརྟི་བྱེས་པ་གྲྭ་ཚང་དུ་འཚོགས་ཀྱི་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟི་རིན་པོ་ཆེ་གཉིས་ཀྱིས་དབུས། སྤྱི་ཟུར་དང་སྤྱི་འཐུས་ལས་ཐོག་ཁག་ཅིག་དང་། ཚོགས་སྐྱིད་ཁག་གི་སྐུ་ཚབ། ས་གནས་ཁག་གི་ཚོགས་བཅར་བ།  མཐོ་སློབ་ཀྱི་སློབ་མ་ཁག་ཅིག་སོགས་ཁྱོན་ཚོགས་བཅར་བ་༡༥༠ ཡས་མས་འཛོམས་འདུག
ཚོགས་ཐོག་ཏུ་མདོ་སྨད་པ་གཞིས་བྱེས་གཉིས་ཀྱི་ཚབ་བྱས་ནས་ཉེ་ཆར་༧རྒྱལ་བ་སྨན་རི་ཁྲི་འཛིན་༣༣ པ་རིན་པོ་ཆེར་སྐུ་ཞི་བར་གཤེགས་པར་མྱ་ངན་གུས་འདུད་ཞུས་སོང་ལ། རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་ཤིག་སྤྱི་འཐུས་ཚོགས་གཙོ་བརྒྱུད་ཁོང་གི་ཨ་མ་ལྡོམ་པོ་སྐྱིད་ལ་སྤྲད་སོང་།

མདོ་སྨད་དབུས་རྒྱུན་ཚོགས་གཙོ་གངས་རིས་ཚོགས་འདུ་དང་འབྲེལ་བའི་གཏམ་བཤད་བྱས་པ་ལྟར་ན། སྤྱི་ལོ་༢༠༡༥ ལོར་བོད་ལྗོངས་མདོ་སྨད་ཆོལ་ཁའི་རྒྱུན་ལས་སྐབས་༡༥ པའི་མཐའ་མའི་ཚོགས་ཆེན་གྱི་གྲོས་ཆོད་ནང་དུ། མདོ་སྨད་སྤྱི་ལ་ཁྱབ་པའི་སྒྲིག་གཞི་ཞིག་གང་མགྱོགས་གཏན་འབེབས་དགོས་རྒྱུའི་མཁོ་འདོན་བྱས་ཡོད་པ་བཞིན། སྐབས་༡༦ པའི་དབུས་རྒྱུན་རྣམས་ཀྱིས་གྲོས་ཆོད་དེ་ལག་བསྟར་བྱས་ཏེ། ཚོགས་ཆུང་གསར་འཛུགས་ཐོག་ད་ལྟ་སྒྲིག་གཞི་གཏན་འབེབས་ཀྱི་ཟིན་བྲིས་ཆ་ཚང་བ་ཞིག་ལེགས་གྲུབ་བྱུང་ཡོད་འདུག ད་ཐེངས་ཀྱི་མདོ་སྨད་དམིགས་བསལ་ཚོགས་ཆེན་འདིའི་ཐོག སྒྲིག་གཞི་དེ་ཉིད་ལ་འཕྲི་སྣོན་གང་དགོས་ཐོག་བགྲོ་གླེང་བྱས་ནས་གཏན་ལ་ཕབ་རྒྱུ་ཡིན་འདུག

དེ་རྗེས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟི་རིན་པོ་ཆེས་གསུང་བཤད་གནང་སྐབས། ཉེ་ཆར་༧རྒྱལ་བ་སྨན་རི་ཁྲི་འཛིན་རིན་པོ་ཆེ་སྐུ་ཞི་བར་གཤེགས་ཡོད་ཀྱང་། ཁོང་སྐུ་འཚོ་བཞུགས་རིང་བོད་ཀྱི་རིག་གཞུང་རྙིང་པའམ་བོད་ཀྱི་ཆོས་ལུགས་རྙིང་པ་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ཕྱག་ལས་རླབས་པོ་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། མཐུན་ལམ་སོགས་ཀྱི་ཐད་ནས་ཧ་ཅང་ཡག་པོ་གནང་མཁན་ཞིག་ཡིན་སྐོར་དང་། བན་བོན་གཉིས་བར་འབྲེལ་ལམ་ཧ་ཅང་ཡག་པོ་ཡོད་སྐོར། ༧རྒྱལ་བའི་སྐུ་ཕྱྭའི་བདེ་འཇགས་སྲུང་སྐྱོབ་དང་བོད་པ་རྣམས་ཕན་ཚུན་ལ་མཐུན་སྒྲིལ་བྱ་རྒྱུ་གལ་ཆེ་སྐོར། མི་རབས་རྒན་པ་རྣམས་ཀྱིས་གཞོན་སྐྱེས་རྣམས་ལ་ཕྱོགས་རིས་ཀྱི་སྐྱོན་མ་ཞུགས་པ་བྱ་རྒྱུ་གལ་ཆེ་སྐོར་སོགས་དང་སྦྲགས་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞིའི་ཐོག་དགོངས་ཚུལ་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གསུང་བཤད་གནང་སྐབས།  ད་ལྟ་བོད་ཕྱི་ནང་གཉིས་ཀའི་གནས་སྟངས་ཉག་ཕྲ་བའི་སྐབས་འདིར་ལེགས་ཉེས་ཀྱི་གནས་ཚུལ་མང་པོ་ཞིག་འབྱུང་གི་ཡོད་ཀྱང་། དེ་ཚོར་གདོང་ལེན་བྱེད་ཕྱོགས་ག་འདྲ་དགོས་ཀྱི་ཡོད་མེད་གོ་བསྡུར་བྱ་རྒྱུ་གལ་ཆེ་སྐོར་དང་། གདོང་ལེན་བྱེད་ཟེར་དུས་གཅིག་གིས་གཅིག་ལ་འཁོན་འཛིན་དང་། སེམས་མ་བདེ་བའི་ཐོག་ནས་མ་ཡིན་པར། ཕན་ཚུན་བློ་ཉེ་པོ་དང་བཟང་ཕྱོགས་ཀྱི་ཐོག་ནས་བྱེད་དགོས་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་སྤྱིའི་ཆ་ནས་བོད་ས་ཤོར་ཏེ་༧གོང་ས་མཆོག་དང་། ཆོས་བརྒྱུད་ཁག་གི་བླ་ཆེན་ཁག ཆོལ་ཁ་གསུམ་གྱི་མི་སྣ་མང་པོ་ཞིག་བཙན་བྱོལ་དུ་ཕེབས་དགོས་ཁེལ་ཡོད་ཀྱང་། ལེགས་པའི་ཕྱོགས་ནས་བསམ་བློ་བཏང་ན། གཙོ་བོ་༧གོང་ས་མཆོག་གི་སྐུ་དྲིན་ལས་དེང་དུས་ཀྱི་འཛམ་གླིང་ནང་བོད་ཟེར་བ་ཞིག་ཚང་མས་ཧ་གོ་བ་ཞིག་ཆགས་ཡོད་པ་མ་ཟད། བོད་ཀྱི་ནང་ཆོས་དང་། བོད་ཀྱི་རིག་གཞུང་བཅས་ཀྱི་ཐོག་འཛམ་གླིང་གི་མི་རྣམ་དཔྱོད་ཅན་མང་པོས་དོ་སྣང་བྱེད་གཞི་རུ་ཆགས་ཐུབ་ཡོད་སྐོར་དང་། དེ་ཚོ་རྒྱུན་འཛིན་ག་འདྲ་བྱེད་དགོས་མིན་ཐོག་གོ་བསྡུར་བྱ་རྒྱུ་གལ་ཆེ་སྐོར། བཙན་བྱོལ་སྤྱི་ཚོགས་ནང་ད་བར་༧གོང་ས་མཆོག་གི་བཀའ་སློབ་བཞིན་ཆོལ་ཁ་གསུམ་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་གི་གནས་སྟངས་ལ་ཚང་མས་སེམས་ཁུར་གནང་ནས་གོམ་པ་མདུན་སྤོས་གནང་གི་ཡོད་སྐོར་དང་། ཉེས་པའི་ཆ་ནས་བསམ་བློ་བཏང་ན་བོད་ནང་གི་གནས་སྟངས་ཉིན་རེ་ནས་ཉིན་རེར་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། མཚམས་རེར་བཙན་བྱོལ་སྤྱི་ཚོགས་ནང་གྲ་མ་འགྲིག་པའི་གནས་ཚུལ་ཡོང་གི་ཡོད་པ་དེ་ཚོ་སེམས་འཚབ་སྐྱེ་གཞི་ཆགས་ཀྱི་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས་རྒྱལ་སྤྱིའི་ཉམས་ཞིབ་པ་མང་པོ་ཞིག་གིས་འཚོག་ལ་ཉེ་བའི་ཏང་གི་ཚོགས་ཆེན་གྱི་རྗེས་སུ་གུ་ཡངས་ཅན་གྱི་སྲིད་ཇུས་འཛིན་མཁན་གྱི་འགོ་ཁྲིད་ཡོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་ལ་བལྟས་ན། གཉིས་སྨན་དབུ་མའི་ལམ་ལ་བརྟེན་ནས་གཞིས་བྱེས་མཉམ་འཛོམས་ཡོང་བའི་རེ་བ་རྒྱག་ཆོག་གི་ཡོད་སྐོར་བཅས་ཀྱང་གསུངས་སོང་།

ད་ཐེངས་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་ཁག་ནི། ༧གོང་ས་མཆོག་དགུང་གྲངས་གྱ་ལྔར་ཕེབས་སྐབས་བརྟན་བཞུགས་བསྟར་འབུལ་ཞུ་ཐབས་བྱ་རྒྱུ་དང་། ༧སྐུའི་གཅེན་པོ་སྐུ་ངོ་རྒྱལ་ལོ་དོན་འགྲུབ་དགུང་གྲངས་དགུ་བཅུར་སོན་སྐབས་གོ་སྟོན་བྱ་ཐབས། ༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་དང་གཞི་མེད་ཟུར་ཟ་བྱེད་མཁན་སྤྱི་དང་། ལྷག་པར་མདོ་སྨད་ཆོལ་ཁའི་ཁོངས་ནས་རེ་ཟུང་བྱུང་དང་འབྱུང་བཞིན་པ་དང་། འབྱུང་འགྱུར་ལ་གདོང་ལེན་བྱེད་ཕྱོགས་དང་། ༧གོང་ས་མཆོག་ཆིབས་ཕེབས་སྐབས་དམ་སྲི་དོལ་ཚོགས་ནས་ངོ་རྒོལ་སྐད་འབོད་བྱེད་པར་གདོང་ལེན་བྱ་ཐབས། མདོ་སྨད་སྤྱི་ཡོངས་ལ་ཁྱབ་པའི་སྒྲིག་གཞི་གཏན་འབེབས། ཁང་པ་གསར་རྒྱག་ཆེད་དཔལ་འབྱོར་འདུ་འགོད་བྱེད་ཕྱོགས། དང་བླངས་དཔྱ་ཁྲལ་ལག་དེབ་དང་རང་ཁོངས་ངོ་སྤྲོད་ལག་དེབ་ཀྱི་སྐོར་བཅས་རེད་འདུག།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༧༤ ཀློག་གྲངས།